༄༅། །སུད་སི་སྐུ་ཚབ་དོན་ཁང་གིས་ཉིན་གྲངས་གསུམ་རིང་བཙན་དབང་འོག་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་དང་། རྒྱ་གཞུང་གིས་བོད་ནང་གཉའ་གནོན་བྱས་ནས་ལོ་ངོ་ ༧༠ (17-Point Agreement and 70-years of Oppression in Tibet) འཁོར་བ་ཞེས་པའི་བརྗོད་གཞིའི་ཐོག་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༡ ཉིན་དྲ་ལམ་བརྒྱུད་བགྲོ་གླེང་ཞིག་དབུ་འཛུགས་གནང་ཡོད།
བགྲོ་གླེང་གི་ཐོག་མར་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་བགྲོ་གླེང་དབུ་འབྱེད་དང་། གསུང་བཤད་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་ (Rt. Tim Loughton) མཆོག ཨི་ཌ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལུ་སེའོ་མ་ལན་ (Lucio Malan) མཆོག སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ (Nicolas Walder) མཆོག ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སིའི་ (Budapest) རྫོང་དང་པོའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཧྥེ་རན་སི་ (Ference Garencsér) ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཨེཌ་ཝར་ཌ་ཅིན་ (Edward Chin) ལགས་བཅས་ལ་ཕེབས་བསུའི་གསུང་བཤད་གནང་ཡོད།
དེ་ཡང་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་སྐུ་ཚབ་རྣམས་ལ་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་འོག་བཞག་འཇུག་པ་དང་། ཆིངས་ཡིག་དེས་བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པ་བསྒྲུབས་ཡོད་པ། དེ་བཞིན་རྒྱ་ནག་གཞུང་གིས་མུ་མཐུད་ཁྲིམས་འགལ་གྱིས་བོད་དབང་སྒྱུར་བྱས་དང་བྱེད་བཞིན་པ་སོགས་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་ལོ་རྒྱུས་ཀྱི་བྱུང་རིམ་སྐོར་གསུངས་ཡོད།
ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཨེཌ་ཝར་ཌ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ ཉིན་ཧོང་ཀོང་ཡོངས་ལ་དམ་བསྒྲགས་བྱས་པ་ནས་བཟུང་ཧོང་ཀོང་གི་མི་འབོར་ས་ཡ་བདུན་དང་ཕྱེད་ཀ་ནས་ས་ཡ་ ༣ སྐྱབས་བཅོལ་དུ་འགྲོ་སྲིད་པ་དང་། ད་ཆ་ཧོང་ཀོང་ནང་རང་དབང་མེད་པ་སོགས་ཀྱི་སྐོར་གསུངས།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གིས་བོད་དང་འབྲེལ་བའི་བཙན་དབང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་དང་། ཕྱི་ལོ་ ༡༩༩༧ ལོར་ཨིན་ཡུལ་དང་རྒྱ་ནག་གིས་ཧོང་ཀོང་གི་རང་སྲིད་རང་སྐྱོང་ཁས་ལེན་སྐོར་ཡོངས་གྲགས་ཀྱིས་ཆིངས་ཡིག་བཞག་ཡོད་ཀྱང་། རྒྱ་ནག་གིས་དེ་དག་རྩིས་མེད་རྡོག་རོལ་བཏང་ཡོད། ཅེས་གསུངས།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་། ཐེ་ཝན། ལྷོ་སོག་པོ་བཅས་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་དཔེ་མཚོན་དུ་བཀོད་དེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་དང་ལྷན་གྲོས་མོལ་གནང་སྐབས་དོགས་ཟོན་བྱེད་དགོས་པ་སོགས་ཀྱི་སྐོར་གསུངས།
ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས། ཨིན་ཡུལ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་མི་རིགས་སྡེབ་གསོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མང་མོས་ཐོག་ངོས་འཛིན་གནང་ཡོད་པའི་སྐོར་དང་། རྒྱ་ནག་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་ནས་བཟུང་འདས་པའི་ལོ་ངོ་ ༧༠ ལྷག་གི་རིང་བོད་ནང་དབང་སྒྱུར་བྱས་དང་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས།
སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་མཆོག་གིས། རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་ཁག་པོ་ཡིན་པའི་སྐོར་དང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་སྐོར་གསུངས།
ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སིའི་རྫོང་དང་པོའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཧྥེ་རན་ལགས་ཀྱིས། ཕྱི་ལོ་ ༢༠༢༡ ཟླ་ ༣ ནང་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཧང་གྷ་རི་རྒྱལ་སར་སླེབས་པའི་སྐབས་བོད་ཀྱི་རྒྱལ་དར་གྲོང་སྡེའི་ལས་ཁུངས་ཀྱི་ངོས་སུ་སྒྲེང་འཛུགས་གནང་བའི་སྐོར་དང་། རྒྱ་ནག་གཞུང་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་སྐོར་གསུངས།
སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱ་ནག་གིས་བཙན་དབང་འོག་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་དང་། རྒྱ་ནག་གིས་བོད་ལ་བཅིངས་བཀྲོལ་གཏོང་རྒྱུའི་ཚབ་ཏུ་གཏོར་བཤིག་བཏང་ཡོད་པ་སོགས་ཐེངས་འདིའི་མཇུག་སྡོམ་གསུང་བཤད་གནང་ཡོད་པ་བཅས།།