༄༅། །རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་ཛ་དྲག་གནས་སྟངས་ཐོན་པ་ནས་བཟུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེ་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་དང་། འདས་པའི་ཆུ་ཚོད་ ༢༤ ནང་ནད་གཞི་ཕོག་པ་མི་གྲངས་ ༡༩༨༣༢ བྱུང་ཡོད། ལྷག་པར་ལྡི་ལིར་གནས་སྡོད་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་ཡང་མང་དུ་འགྲོ་བཞིན་ཡོད།
དེ་ཡང་ཛ་དྲག་གི་གནས་སྟངས་དེའི་ཁྲོད་ལྡི་ལི་བསམ་ཡས་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་ཞབས་པ་ཚོས་མུ་མཐུད་མདུན་དུ་ཐོན་ཏེ་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་བཞིན་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་ནད་པ་རྣམས་ལ་འཕྲལ་མར་ནད་གཡོག་དང་། ལམ་སྟོན། སྨན་བཅོས་སོགས་གནང་བཞིན་ཡོད། ས་གནས་འཕྲོད་བསྟེན་སྨན་ཁང་གི་ཉིན་རེར་ཉུང་མཐར་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཡོད་མཁན་དང་མེད་མཁན་གྱི་ནད་པ་གྲངས་ ༡༠ ནས་ ༡༥ བར་ལ་ལྟ་རྟོག་བྱེད་བཞིན་པ་དང་། ལྷག་པར་སྨན་ཁང་དུ་སྨན་བཅོས་སླད་འགྲོ་མི་ཐུབ་མཁན་ནད་པ་རྣམས་ཀྱི་ཁྱིམ་ལ་བསྐྱོད་དེ་སྨན་བཅོས་དང་ལྟ་སྐྱོང་གནང་བཞིན་ཡོད།
དེ་བཞིན་སྨན་པ་སྙན་གྲགས་ལགས་དང་ཡན་ལག་སྨན་རྩིས་ཁང་གི་སྨན་པ་རྣམས་ཀྱིས་ལམ་སྟོན་འོག་ས་གནས་འཕྲོད་བསྟེན་ཁང་གི་སྨན་ཞབས་པ་རྣམས་ཀྱིས་ནད་གཞི་ལྕི་མོ་མེད་མཁན་རྣམས་ལ་སྨན་བཅོས་གནང་བཞིན་ཡོད། སྨན་ཞབས་པས་རང་ཁྱིམ་དུ་ཟུར་བཀག་བཞག་པའི་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཡོད་མཁན་དང་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གང་ཟག་དང་འབྲེལ་བ་བྱུང་བ་རྣམས་ལ་དུས་ནས་དུས་སུ་གཟུགས་གཞི་བདེ་ཐང་ཡིན་མིན་ལྟ་རྟོགས་གནང་བཞིན་ཡོད་པ་མ་ཟད། ལུས་སེམས་ནུས་གསོའི་སྨན་སོགས་མཐུན་རྐྱེན་སྦྱོར་བཞིན་ཡོད།
གཞན་ཡང་ནད་པར་ཟས་སྤྱོད་སྐོར་ལམ་སྟོན་དང་། ཏོག་དབྱིབས་གཉན་རིམས་སྔོན་འགོག་ཐད་གོ་རྟོགས། དེ་བཞིན་དགོས་མཁོ་ཅན་རྣམས་ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་སློབ་གསོ་ལམ་སྟོན་བཅས་གནང་བཞིན་ཡོད།
ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་ཆེ་བའི་དུས་སྐབས་འདིར་ས་གནས་སྨན་ཞབས་པ་ཚོས་ཉེན་ཁ་སོགས་ལ་མ་འཛེམས་པར་ཕྱག་ལས་ཧུར་ཐག་གནང་བཞིན་ཡོད་པ་བཅས། །