༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ལྕམ་སྐུ་མཱ་མཱ་ཏཱ་བྷ་ནེར་ཇི་ (Mamata Banerjee) མཆོག་གིས་སྣེ་འཁྲིད་པའི་ (Trinamool Congress) སྲིད་དོན་ཚོགས་པར་རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་ (West Bengal) མངའ་སྡེའི་འོས་བསྡུའི་རྒྱལ་ཁའི་ཐོབ་པ་དང་། ལྕམ་སྐུ་མཆོག་སྤྱི་ཁྱབ་བློན་ཆེན་དུ་ཐེངས་གསུམ་བསྟུད་མར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་འདུག
འཚམས་འཕྲིན་ནང་འཁོད་དོན། རྒྱ་གར་གཞུང་དང་མི་མང་ནས་ད་བར་བོད་ཀྱི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ང་ཚོས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་དང་། དེ་བཞིན་ནུབ་བྷེང་གྷལ་མངའ་སྡེའི་གཞུང་ནས་བོད་མིའི་སྤྱི་ཚོགས་དང་ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་དང་གནང་མུས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་གསོ་བ་རིག་པ་ནི་རྒྱ་གར་རྒྱལ་ཡོངས་ནང་ཡོངས་གྲགས་ལྟ་བུ་ཆགས་ཡོད་པ་དང་། ལྷག་པར་དུ་ནུབ་བྷེང་གྷལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་དུ་དེ་གའི་གནད་ཡོད་མི་སྣ་དང་། ཆབ་སྲིད་མི་སྣ། མི་མང་བཅས་ནས་བོད་སྨན་བསྟེན་གཏུགས་གནང་གི་ཡོད། དེ་བཞིན་ནུབ་བྷེང་གྷལ་མངའ་གཞུང་ནས་མངའ་སྡེའི་ནང་ཆགས་པའི་བོད་པའི་བསྟི་གནས་ཁང་ཁག་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ཡིན་པ་དང་། འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
སྐུ་ཉིད་ནས་མཁྱེན་གསལ་ལྟར། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་ཡོད་ཅིང་། ད་ལྟའི་བོད་ནང་གི་གནས་སྟངས་ནི་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཡིན།
ད་ལྟའི་ཆར་རྒྱ་ནག་དམར་གཞུང་གིས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་ས་མཚམས་ཀྱི་དཀའ་ངལ་བཟོས་དང་བཟོ་བཞིན་ཡོད་པ་དེས། རྒྱ་གཞུང་ལ་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློ་ཡོད་པ་དང་། རྒྱ་གཞུང་ནས་འཆར་གཞི་གཏིང་ཟབ་བཏིང་བའི་ཐོག་འཛམ་གླིང་ཡོངས་ལ་དབང་སྒྱུར་ཐབས་བྱེད་བཞིན་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད། རྒྱ་ནག་དམར་གཞུང་གིས་ཆེད་དུ་བཟོས་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཡོངས་ལ་ལོ་གཉིས་ཙམ་རིང་མི་རྒྱུ་གཉིས་ཀྱི་དཀའ་ངལ་ཆེན་པོ་བཟོས་དང་བཟོ་བཞིན་ཡོད་པ་དང་། དེར་རྒྱ་ནག་གཞུང་ནས་འགན་ཁུར་དགོས་པ་ང་ཚོས་བཟོ་དགོས།
བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་དང་། ༸གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད། ལྕམ་སྐུ་ཁྱེད་དང་། ཁྱེད་ཀྱི་མངའ་གཞུང་ནས་བོད་རྒྱ་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང་། བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་དེ་སྔོན་ཀལ་ཀ་ཊ་ (Calcutta) རུ་ལྕམ་སྐུ་ཁྱེད་ཀྱི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། རྒྱལ་ས་ལྡི་ལིར་དབུས་གྲོས་ཚོགས་འཐུས་མི་བཅས་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་བ་དང་། འབྱུང་འགྱུར་ལྕམ་སྐུ་ཁྱེད་དང་ལྷན་མཇལ་འཕྲད་གནང་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། དེ་ཡང་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཊར་ (Kolkata) རྒྱ་གར་གྱི་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཇཡཱ་པྲ་ཀཱཤ་ན་ར་ཡན་ (Shri.Jai Prakash Narayan) དམ་པ་མཆོག་གིས་གཙོ་སྐྱོང་འོག་ཕྱི་ལོ་ ༡༩༥༩ ལོར་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད།
སྐུ་ཉིད་ནས་རྒྱ་གར་མི་མང་དང་། ལྷག་པར་དུ་ནུབ་བྷེང་གྷལ་མངའ་སྡེའི་མི་མང་ལ་གྲུབ་འབྲས་ལྡན་པའི་ཞབས་འདེགས་ཞུས་དང་ཞུ་བཞིན་པ་ནི་བསྔགས་འོས་སུ་གྱུར་བ་ཞིག་ཡིན།
ངས་སླར་ཡང་སྐུ་ཉིད་དང་། སྐུ་ཉིད་ཀྱི་སྲིད་དོན་ཚོགས་པར་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་ལས་དོན་ཐམས་ཅད་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །