༄༅། །རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་དང་ནང་མི། བྱ་བྲལ་རིན་པོ་ཆེ་བཅས་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༦ འཁོར་བའི་དུས་ཚིགས་ཏེ་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༧ ཉིན་ལི་ཐུ་ཝེ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ལི་ཐུ་ཝེ་ནི་ཡའི་ (Lithuania) རྒྱལ་ས་ཝིལ་ན་སིའི་ (Vilnius) ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གོང་གི་གནད་དོན་དང་འབྲེལ། རྒྱལ་སྤྱིའི་ཆབ་སྲིད་པ་དང་མང་ཚོགས་རྣམས་ལ་རྒྱ་ནག་གཞུང་གིས་བོད་ཀྱིས་གཙོས་ཧོང་ཀོང་དང་། ཡུ་གུར་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་དང་། གཞན་ཡང་རྒྱའི་བཙོན་ཁང་དུ་ཡོད་པའི་ཆབ་སྲིད་བཙོན་པའི་གནས་སྟངས་བཅས་ཀྱི་ཐོག་གོ་རྟོགས་ལས་འགུལ་དང་སྦྲགས་ཞི་བའི་སྐད་འབོད་གནང་ཡོད།
ལས་འགུལ་ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Jurgita Sejonienė) མཆོག་དང་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད། ཐེངས་འདིའི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ལི་ཐུ་ཝེ་ནི་ཡའི་ཆབ་སྲིད་མི་སྣའི་མུ་མཐུད་སྔར་ལྷག་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་བྱེད་དགོས་པའི་བློ་སྟོབས་སྤེལ་ཆེད་ཡིན་པ་ཙམ་མ་ཟད། ང་ཚོས་མང་གཙོ་ལམ་ལུགས་ཐོག་རྒྱལ་ཁབ་ཕན་ཚུན་དབར་གྱི་རང་དབང་དང་འགྲོ་བ་མིའི་རིགས། ཆིག་སྒྲིལ་རང་བཞིན་བཅས་ལ་གཞི་བཅོལ་བའི་བརྒྱུད་རྒྱ་ནག་དང་ལྷན་འབྲེལ་བ་འཇོག་དགོས།སྐབས་དེར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ (Robertas Mažeika) ལགས་ཀྱིས་གསུང་དོན། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་ལ་ཁོང་དང་ཁོང་གི་ནང་མི་ལྷན་རྒྱས། བྱ་བྲལ་རིན་པོ་ཆེ་བཅས་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ད་ཆ་མི་ལོ་ ༢༦ ཧྲིལ་པོ་ཕྱིན་ཡོད། ད་ལྟའང་ཁོང་རྣམས་གང་དུ་ཡོད་མེད་གནས་ཚུལ་ཤེས་རྟོགས་མེད། སྐབས་དེར་ཆུང་སྲིད་རིན་པོ་ཆེ་དགུང་གྲངས་དྲུག་ལས་སོན་མེད་པས། འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་གཞོན་ཤོས་དེ་ཆགས་ཡོད།འདས་པའི་ལོ་ཤས་སྔོན་ནས་ནུབ་ཕྱོགས་པའི་མང་གཙོ་རྒྱལ་ཁབ་མང་དག་ཅིག་གིས་གནས་ཚུལ་གོ་ཐོས་བྱུང་བ་ལྟར། རྒྱ་ནག་གཞུང་གིས་ཤིན་ཅང་བཀག་སྐྱིལ་ཁང་ (Xinjiang internment camps) ཞེས་དམུ་རྒོད་ཀྱི་སྤྱོད་ལམ་ལག་བསྟར་བྱེད་བཞིན་ཡོད་པ་ངོས་འཛིན་པའི་ནང་ཡུ་གུར་བ་ས་ཡ་མང་པོར་དགོས་ཟོན་འོག་བཙོན་འཛུག་བྱེད་པ་བརྒྱུད་གདུག་རྩུབ་མནར་གཅོད་བྱེད་བཞིན་ཡོད་པར་རྒྱལ་སྤྱིའི་མཁས་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་མང་པོས་ངོ་རྒོལ་ཤུགས་ཆེར་བྱས་པར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་གི་བརྒྱུད་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གི་དྲག་རྩུབ་ཅན་གྱི་སྲིད་བྱུས་ངན་པ་མངོན་གསལ་བྱུང་ཡོད།
རྒྱ་ནག་གཞུང་གི་དྲག་རྩུབ་ཅན་གྱི་སྲིད་བྱུས་ངན་པར་ད་ཆ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ཀྱིས་བློ་འཚབ་ཆེན་པོ་སྐྱེ་བཞིན་པ་ཛ་དྲག་གི་གནས་སྟངས་འདི་འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐོབ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་ཙམ་མ་ཟད། དྲག་རྩུབ་ཅན་གྱི་སྲིད་བྱུས་ངན་པ་ཁག་ལག་བསྟར་བྱས་དང་བྱེད་མུས་ཡིན།
གཞན་ཡང་རྒྱ་ནག་གཞུང་གིས་གློག་གི་འཕྲུལ་ཆས་འདྲ་མིན་བདེ་སྤྱོད་བྱེད་དེ་གྲངས་ཉུང་མི་རིགས་ཧོང་ཀོང་གིས་གཙོས་གཞན་རྣམས་ལའང་གདུག་རྩུབ་མནར་གཅོད་གཏོང་བཞིན་ཡོད། ཉིན་རེ་བཞིན་གནས་སྟངས་དེ་རིགས་ཛ་དྲག་ཏུ་འགྲོ་བཞིན་ཡོད། དེར་བརྟེན་མི་མང་གི་ངོས་ནས་རྒྱ་ནག་གི་སྟོབས་ཤུགས་ལ་མི་ལྟོས་པར་རྒྱ་གཞུང་གིས་བོད་སོགས་ཀྱི་ནང་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་དྲག་རྩུབ་ཅན་གྱི་སྲིད་བྱུང་ངན་པ་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་དགོས་ཀྱི་ཡོད། ཅེས་དང་།གཞན་ཡང་ཁོང་གིས་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་གི་རྒྱལ་སྤྱིའི་ཨོ་ལེམ་པིག་རྩེད་འགྲན་དེ་བཞིན་དྲན་གསོ་བྱེད་དགོས། གང་ཡིན་ཟེར་ན་སྐབས་དེར་རྒྱ་ནག་ནང་མང་གཙོ་ལམ་ལུགས་འགྱུར་བ་འགྲོ་རྒྱུའི་རེ་བ་བཅོལ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་རྩེད་འགྲན་དེའི་བརྒྱུད་གྲངས་ཉུང་མི་རིགས་ཐོག་སྲིད་བྱུས་ངན་པ་བཏིང་བ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་བརྟེན་རིམ་པས་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད། ཕྱིས་སུ་བོད་ནང་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དང་ཤིང་ཅང་གི་གནས་ཚུལ་སོགས་གསར་འགྱུར་བརྒྱུད་ལམ་ནང་ཐོན་པ་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་དངངས་འཚབ་གྱི་གནས་སྟངས་སུ་འགྱུར་ཡོད། ད་དུངའང་རྒྱལ་སྤྱི་མང་ཚོགས་ནས་རྒྱ་ནག་གཞུང་གི་གདུང་རྩུབ་མནར་གཅོད་ཀྱི་བྱེད་སྟངས་ལ་བློ་འཚབ་ཆེན་པོ་སྐྱེ་གི་ཡོད།
དེར་བརྟེན་ཐེངས་འདིའི་རྩེད་འགྲན་བརྒྱུད་ང་ཚོས་རྒྱ་ནག་དམར་པོའི་གཞུང་གི་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་རྒྱབ་སྐྱོར་མི་བྱེད་པ་ཞིག་མཚོན་དགོས། ཞེས་གསུངས། །