༄༅། །ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་དང་པོ་སྐུ་ཞབས་ཇི་རི་རུ་ཛིག་ཀ་ (Jiri Ruzicka) མཆོག་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་པི་རེ་མེ་སལ་ར་བྷ་སི་ (Premysl Rabas) མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་གནང་བའི་ནང་འཁོད་དོན། སྐུ་ཉིད་སྲིད་སྐྱོང་གི་འོས་བསྡུའི་གྲུབ་འབྲས་ཁྲོད་རྒྱལ་ཁ་ཐོབ་པར་ང་ཚོས་སྤྲོ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་ཞུ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ངོས་ལེན་གནང་རོགས། ང་ཚོའི་ངོས་ནས་འབྱུང་འགྱུར་གྱི་ལོ་དེ་དག་ནི་སྐུ་ཉིད་སྒེར་དང་། བོད་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཚོན་ན་གྲུབ་འབྲས་དང་རེ་བས་ཁེངས་པའི་དུས་སྐབས་ཤིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་དང་།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཙམ་མ་ཡིན་པར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་དོན་པ་དང་མི་མང་སྟོང་ཕྲག་མང་པོས་ལོ་རྟག་པར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་སུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། འདས་པའི་དབང་ཆ་གཅིག་སྡུད་ཀྱི་གཞུང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལེབ་ཧ་བེལ་ (Vaclav Havel) མཆོག་ཕན་ཚུན་དབར་ལ་གྲོགས་པོའི་འབྲེལ་བ་དམ་ཟབ་བྱུང་བར་བརྟེན་ནས་ང་ཚོ་མཉམ་རུབ་བྱས་ཐུབ་ཡོད།
ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ལྷན་མཉམ་འབྲེལ་གྱིས་གྲུབ་འབྲས་ལྡན་པ་བྱུང་ཡོད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་དབུ་ཁྲིད་རྣམ་པས་བདམས་དོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་ནང་རྟེན་གཞི་བྱས་པའི་ཅེག་གྲོས་ཚོགས་གོང་མའི་ནང་མགྲོན་འབོད་ཞུ་གི་ཡོད། དེར་བརྟེན་སྐུ་ཉིད་ཕྱི་རྒྱལ་དུ་ཐེངས་དང་པོ་ཕེབས་སྐབས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་དང་། ཅེག་གྲོས་ཚོགས་གོང་མའི་ནང་ཕེབས་པ་ཡིན་ན་ང་ཚོ་ཧ་ཅང་དགའ་ངེས་ཡིན། སྐུ་ཉིད་དང་སྐུ་ཉིད་ཀྱི་ཕྱག་སྦྲེལ་རྣམ་པ་འདིར་ཕེབས་པར་དུས་རྟག་ཏུ་དགའ་བསུ་ཡོད། ཅེས་གསུངས།
དེ་བཞིན་སྦེལ་ཇམ་གྲོས་ཚོགས་འཐུས་མི་སྐུ་ཞབས་སཱ་མུལ་ཁོ་གོ་ལ་ཊི་ (Samuel Cogolati) མཆོག་དང་། སྦེལ་ཇམ་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇོར་ཇིས་ (Georges Dallemagne) མཆོག་གིས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པ་བཅས་ལ་འཚམས་འདྲི་གནང་བའི་ནང་འཁོད་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གསར་འཛུགས་མཛད་པ་དང་། བཙན་བྱོལ་བོད་མི་རྣམས་ནས་མང་གཙོ་བརྒྱུད་རིམ་ཆ་ཚང་མཇུག་སྐྱོང་གནང་བར་ང་ཚོའི་ངོས་ནས་རྗེས་སུ་ཡི་རང་ཞུ་གི་ཡོད།
ད་ལྟའི་བོད་ནང་གི་གནས་སྟངས་རྒྱུས་ལོན་དང་། སྦེལ་ཇམ་གྲོས་ཚོགས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་འཕེལ་གཏོང་སླད་སྐུ་ཉིད་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་ནང་མགྲོན་འབོད་ཞུས་ཡོད། ང་ཚོས་སྐུ་ཉིད་དང་ལྷན་དུ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་ཀྱི་གནད་དོན་གསལ་ཐབས་སུ་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་གཉིས་དབར་ཐད་ཀར་གྲོས་མོལ་གནང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་གསུངས།
ཕྱོགས་མཚུངས་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇ་ཁུ་ལིན་ (Jacqueline Eustache-Brinio) མཆོག་གིས་བོད་རྒྱའི་གྲོས་མོལ་བསྐྱར་གསོ་ཡོང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ཅེས་དང་། བོད་མིའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་དང་གོང་མཐོར་གཏོང་སླད་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦར་སེལ་ནང་མགྲོན་འབོད་ཞུས་ཏེ་མཉམ་རུབ་ཀྱིས་གྲོས་བསྡུར་གནང་རྒྱུ་ཡིན། ཞེས་གསུངས།།