༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བྷལ་ཊིག་མངའ་ཁུལ་གྱི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཨི་ཌ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་འཚམས་འདྲི་ཞུས་པ་དང་འབྲེལ་མུ་མཐུད་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་ཡོད།
དེ་ཡང་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་དང་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་འགན་འཛིན་སྐུ་ཞབས་ནོ་བྷི་ལི་ (Hon. Luciano Nobili) མཆོག་གིས་འཚམས་འདྲི་གནང་བའི་ནང་འཁོད་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མི་རྣམས་ཀྱིས་བཙན་བྱོལ་དུ་མང་གཙོའི་ལམ་ནས་སྒྲིག་འཛུགས་ཤིག་འཛུགས་གནང་བ་དེ་ནི་ང་ཚོས་རྒྱབ་སྐྱོར་བྱེད་པའི་རྒྱུ་མཚན་གཙོ་བོ་ཞིག་ཡིན། ཁྱེད་ཚོ་ལྟ་བུའི་སྒྲིག་འཛུགས་ལ་མཚོན་ན་རྒྱལ་ཁབ་གཞན་ཞིག་ནང་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུར་དཀའ་ངལ་ཚད་མེད་ཡོད་མོད། དང་ཐོག་ནས་མང་གཙོའི་ལམ་ནས་སྤྱིའི་ལས་དོན་ཁག་ལ་འཛིན་སྐྱོང་གནང་བའི་འོག་ཐུན་མོང་མ་ཡིན་པའི་རང་ཉིད་ཀྱི་རིག་གཞུང་དང་། རང་ཉིད་ཀྱི་མི་རིགས་ཀྱི་ངོ་བོ་དང་བསམ་པའི་རིན་ཐང་། རང་ཉིད་ཀྱི་སྐད་ཡིག་བཅས་ལ་མི་ཉམས་རྒྱུན་འཛིན་གནང་བཞིན་པར་བསམ་བློ་གཏོང་འདོད་བྱུང་ཞེས་དང་།
ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་ད་ལྟའི་ཆར་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚུད་པའིི་ཚོགས་མི་ ༥༤ ཡོད་པ་དང་། གུས་པ་ཚོགས་པ་དེའི་འགན་འཛིན་གྱི་འགན་ཁུར་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ། ཨི་ཌ་ལིའི་སྒྲིག་འཛུགས་ཁག་ནང་བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་རིམ་འདྲ་མིན་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་བྱུང་། ཞེས་གསུངས།
དེ་བཞིན་ལཊ་ཝི་ཡ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Uldis Budrikis) མཆོག་དང་། ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་ཡུ་སི་ནེ་ཊི་ཀེ་སི་ (Dr. Andrius Navickas) མཆོག ཨི་སི་ཏོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཡོ་ཀོ་ཨེ་ལེན་ཌར་ (Yoko Alender) མཆོག་བཅས་བྷལ་ཊིག་མངའ་ཁུལ་གྱི་གྲོས་ཚོགས་བོད་རྒྱབ་སྐྱོར་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་གནང་བ་དང་འབྲེལ་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་བོད་མིས་རྒྱ་ནག་གཞུང་གི་བཙན་འཛུལ་ལ་འཐབ་རྩོད་བྱ་བཞིན་པར་གདུང་སེམས་མཉམ་སྐྱེ་ཡོད་སྐོར་གསུངས་ཡོད།
དེ་ཡང་འཚམས་འདྲིའི་ནང་འཁོད་དོན། ང་ཚོས་སྐུ་ཉིད་ཀྱིས་རྒྱལ་ཁའི་ངང་ཁྱེད་ཀྱི་མི་མང་རྣམས་ཀྱིས་རེ་སྒུག་བྱེད་བཞིན་པའི་མངོན་འདོད་སྒྲུབ་ཐུབ་པའི་ཡིད་ཆེད་ཡོད། ང་ཚོ་བྷལ་ཊིག་མངའ་ཁུལ་རྒྱལ་ཁབ་ཀྱིས་སྐུ་ཉིད་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། སྐུ་ཉིད་ཀྱིས་ང་ཚོས་རྟག་ཏུ་རྒྱབ་སྐྱོར་ཡོད་པ་བརྩི་ཆོག ང་ཚོས་སྐུ་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་བདམས་ཐོན་བྱུང་བར་སྙིང་དབུས་ནས་འཚམས་འདྲི་ཞུ་རྒྱུ་དང་། བོད་མི་རྣམས་ཀྱི་བདེ་ཐབས་ཀྱི་སླད་སྐུ་ཉིད་དང་ལྷན་མཉམ་ལས་གནང་རྒྱུ་ཡིན། ཞེས་གསུངས།
དེ་དང་ཆབས་གཅིག་བྷལ་ཌིག་མངའ་ཁུལ་གྱི་ལཊ་ཝི་ཡ་རྒྱབ་ཁབ་ནང་གིི་བོད་ཀྱི་གྲོགས་པོ་དང་། རྒྱབ་སྐྱོར་བ་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་མཆོག་ཁོང་ཚོའི་རྒྱལ་ཁབ་ནང་འཚམས་འདྲིར་ཕེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་ཡོད།
གཞན་ཡང་ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་སི་པེག་ས་ (Mr. Mikulas Peksa) ལགས་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨོ་སི་ར་ (Ausra Maldeikiene) ལགས་དང་སྐུ་ཞབས་ཧན་ནེ་སི་ (Hannes Heide) ལགས། (Carles Puigdemont i Casamajó) ལགས། (Antoni Comín i Oliveres) ལགས། (Clara Ponsatí Obiols) ལགས། (Ivan Štefanec) ལགས། (Patrick Breyer) ལགས། (Michael Gahler) ལགས་བཅས་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་བཙན་བྱོལ་བོད་མིའི་ཁྲོད་མང་གཙོའི་འོས་བསྡུ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བར་དགའ་བསུ་ཞུས་པ་དང་འབྲེལ་བདམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ལ་འཚམས་འདྲི་ཞུས་ཡོད།
དེ་ཡང་འཚམས་འདྲིའི་ནང་འཁོད་དོན། ང་ཚོས་གོ་སྐབས་འདི་བརྒྱུད་ནས་སྐུ་ཉིད་སྦར་སེལ་དུ་བོད་ཀྱི་གནད་དོན་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཆེད་ཡུབ་རོབ་གྲོས་ཚོགས་ནས་མཐུན་སྦྱོར་ཅི་ཞིག་བྱེད་ཐུབ་མིན་ཐད་གྲོས་བསྡུར་ཡོང་ཕྱིར་མགྲོན་འབོད་ཞུ་གི་ཡོད། ང་ཚོས་སྐུ་ཉིད་དང་ལྷན་དུ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་ཀྱི་གནད་དོན་གསལ་ཐབས་སུ་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་གཉིས་དབར་ཐད་ཀར་གྲོས་མོལ་གནང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་གསུངས།
གཞན་ཡང་ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སིའི་ (Budapest) རྫོང་དང་པོའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཧྥེ་རན་སི་ (Ference Garencsér) ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་གནང་བའི་ནང་འཁོད་དོན། ངས་བོད་མི་རིགས་ཀྱི་བྱམས་སྙིང་རྗེ་དང་ཆོད་སེམས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་།
རང་ཉིད་ཧང་གྷ་རིའི་མི་སེར་ཡིན་པའི་ངོས་ནས་རང་ཉིད་ཀྱི་རྒྱལ་ཁབ་དུས་རབས་མང་པོའི་རིང་ཕྱི་རྒྱལ་གྱི་དབང་སྒྱུར་འོག་ལྷག་མྱོང་ཡོད་པས། ངས་སྐུ་ཉིད་ཀྱི་མི་མང་ཚོའི་འཐབ་རྩོད་ལ་བསམ་ཤེས་བྱེད་ཐུབ་ཀྱི་འདུག ང་ཚོའི་དུས་རབས་སྐབས་ཀྱི་རྩོད་ལེན་ལས་མང་གཙོ་ནི་ང་ཚོས་དོར་དུ་མི་རུང་བའི་དགོས་ངེས་ཅན་ཞིག་ཡིན་པ་དྲན་སྐུལ་བྱས་ཡོད། ཞེས་གསུངས།
དེ་བཞིན་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ (Rt. Hon Tim Loughton) མཆོག་གིས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་ཁོང་ཚོ་བོད་མི་དང་ལྷན་མཛའ་མཐུན་མུ་མཐུད་ཉར་ཏེ་བོད་ནང་ལ་བཙན་གནོན་མཚམས་འཇོག་ཡོང་བར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད།
སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས་གསུང་དོན། ངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དཔོན་རོགས་དང་ཚོགས་མི་རྣམས་དང་ལྷན་མཉམ་རུབ་ཀྱིས་བོད་དང་བོད་མིའི་རང་དབང་དང་ཐོབ་ཐང་གི་ཆེད་མུ་མཐུད་ཨིན་ཇིིའི་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་གཞུང་ལ་བཀག་འགོག་བྱེད་རྒྱུ་ཡིན་ཞེས་དང་། དེ་བཞིན་ཁོང་གིས་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཡར་རྒྱས་ཕྱིན་པའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་མཆོག་འཚམས་འདྲིར་ཕེབས་རྒྱུར་སྒུག་ནས་ཡོད་ཅེས་གསུངས།
གྲོས་ཚོགས་བོད་རྒྱབ་སྐྱོར་ཚོགས་པའི་དཔོན་རིགས་ཁོངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁིར་སི་ལའོ་ (Hon Chris Law) མཆོག་དང་། སྐུ་ཞབས་དེ་ཝི་ཌི་ (Lord David Alton) མཆོག (MP Sir Peter Bottomley) མཆོག (MP Marion Fellows) མཆོག (MP Wera Hobhouse) མཆོག (MP Kerry McCarthy) མཆོག (MP Navendu Mishra) མཆོག་བཅས་འཚུད་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་འཁུར་དང་གསང་རྒྱའི་དམ་འབུལ་མཛད་སྒོ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ རེས་གཟའ་ཕུར་བུའི་ཉིན་འབུལ་རྒྱུ་ཡིན་པ་བཅས། །