༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༡ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཡིན།
དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢༧ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༥ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༣༢ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༦༦༨ དང་སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༦༤༣ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༡༣༡༡ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་ ༣༤༧༩༨ རིན་མེད་ཐོག་ཕུལ་ཐུབ་པ་བྱུང་ཡོད། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༡༠༣ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་སོགས་གནང་ཐུབ་པ་བྱུང་ཡོད། ནད་ཡམས་ཁྱབ་བརྡལ་བཀག་འགོག་ཆེད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༢༡ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༣ གྱི་བོད་མི་གྲངས་ ༢༠༨༦ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད།དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་དང་བལ་ཡུལ་ནང་མདུན་དུ་ཐོན་ནས་ཕྱག་ལས་གནང་མཁན་མི་གྲངས་ ༡༣༣༣ དང་། བླ་གཉན་གྱི་ནད་གཞི་ཡོད་མཁན་མི་གྲངས་ ༡༨༧༤། ལོ་ན་ ༦༠ ཡན་གྱི་མི་གྲངས་ ༧༧༩༠ ། ལོ་ན་ ༤༥ ཡན་གྱི་མི་གྲངས་ ༥༥༣༢། ལོ་ན་ ༡༨ ཡན་གྱི་མི་གྲངས་ ༨༨༠ བཅས་ཁྱོན་མི་གྲངས་ ༡༧༤༠༩ ཙམ་ལ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་ཆགས་ཀྱི་ཡོད།
དབུས་དང་ས་གནས་ཛ་དྲག་ཚོགས་ཆུང་ནས་སྨན་པ་དང་གཞུང་གི་མི་སྣ་ཐུག་འཕྲད་ཞུ་རྒྱུ། ལྷག་པར་ཆེད་ལས་པར་སྦྱོང་བརྡར་སྤྲོད་རྒྱུ། གོ་རྟོགས་སླད་བརྙན་ཐུང་རིགས་བཟོ་རྒྱུ། དེ་བཞིན་ནད་ཡམས་ཁྱབ་བརྡལ་བཀག་འགོག་དང་སྔོན་འགོག་ཆེད་གོ་རྟོགས་སྤེལ་བཞིན་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༣༧༢ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༡༠ དང་། བུད་མེད་གྲངས་ ༡༦༢ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༤ དང་ཆུང་ཤོས་དེ་བྱིས་པ་ལོ་ ༡ ཡིན། ནད་གཞི་ཕོག་པའི་ཁོངས་ནས་ཕལ་ཆེ་བར་ནད་རྟགས་ཅུང་ཟད་མངོན་པ་ཆགས་ཀྱི་འདུག བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་མི་གྲངས་ ༡༣ འདས་གྲོངས་སུ་གྱུར་ཡོད་པའི་ཁོངས་ནས་སྐྱེས་པ་གྲངས་ ༡༡ དང་བུད་མེད་གྲངས་ ༢ ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་སུ་གྲངས་ཐོ་འབྱོར་བ་གཞིར་བཟུང་ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༤༣༨༥ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༢༩༤༢ འདས་གྲོངས་སོང་བ་མི་གྲངས་ ༡༡༤ ད་ལྟ་ནད་མནར་གསོ་བཅོས་བཞིན་པ་མི་གྲངས་ ༡༣༢༩ ཡོད་འདུག
སྤྱིར་ད་ཆ་རྒྱ་གར་ནང་ནད་ཡམས་ཕོག་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ནའང་། བོད་པའི་སྤྱི་ཚོགས་ནང་ནད་རྟགས་མངོན་པ་དང་བརྟག་དཔྱད་གནང་བ་སོགས་ལ་བརྟེན་ནས་ད་ལྟ་ཡིན་ནའང་ནད་ཡམས་ཕོག་པའི་གྲངས་འབོར་ཚད་མཐོ་བོ་རེད་འདུག རང་རེའི་སྤྱི་ཚོགས་ནང་ནད་རྟགས་མངོན་པ་རིགས་ཡོད་ན་ངེས་པར་དུ་འབྲེལ་ཡོད་ལ་ཐད་ཀར་འབྲེལ་བ་གནང་སྟེ་བརྟག་དཔྱད་དང་གསོ་བཅོས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
ད་ལྟའི་ཆར་སྔོན་འགོག་གི་ཐབས་ལམ་བཟང་ཤོས་ནི་ཁ་རས་ཉིས་བརྩེགས་གྱོན་དགོས་པ་དང་། དེ་བཞིན་ཉུང་མཐར་མི་ཀྲར་གཉིས་ཀྱི་བར་ཐག་འཇོག་དགོས་པ། ལག་པ་ཡང་ཡང་བཀྲུས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལྷག་པར་སྔོན་འགོག་སྨན་བརྒྱབ་ཆེད་ཚང་མས་འགན་བཞེས་དགོས་རྒྱུར་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་གསུངས།
དེ་ནས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་མི་གྲངས་ས་ཡ་ཉི་ཤུ་རྩ་བདུན་ལྷག་ཙམ་དང་། འདས་གྲོངས་སུ་གྱུར་བ་མི་གྲངས་འབུམ་གསུམ་ལྷག་ཙམ་བྱུང་ཡོད་འདུག རྒྱ་གར་རྒྱལ་ཡོངས་ནང་དེ་འདྲའི་ཛ་དྲག་གནས་སྟངས་ཆགས་པའི་སྐབས་འདིར་བོད་མི་གནས་སྡོད་བྱ་ཡུལ་བདེ་སྐྱིད་གླིང་དང་། རྡ་ས། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་གཅིག་བཅས་ཀྱི་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་གང་ཙམ་ཇེ་མང་དུ་འགྲོ་བཞིན་འདུག་སྟབས། ནད་རྟགས་ཡོད་པ་རྣམས་ནས་བརྟག་དཔྱད་ངེས་པར་དུ་བྱེད་རོགས། ད་ལྟའི་ཆར་རིན་མེད་ཐོག་བརྟག་དཔྱད་གནང་བཞིན་ཡོད། ནད་ཡམས་འདི་ཇི་ཙམ་སྔོན་ལ་ངོས་འཛིན་ཐུབ་པ་ཡིན་ན། སྨན་བཅོས་བྱེད་རྒྱུ་ལས་སླ་པ་དང་དྲག་སྐྱེད་ཡོང་རྒྱུར་མགྱོགས་པ་འདུག
ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་རྒྱ་གར་དབུས་གཞུང་ནས་ལམ་སྟོན་ཞིག་ཕེབས་པའི་ནང་གལ་ཏེ་ཏོག་དབྱིབས་གཉན་རིམས་ཕོག་པ་ཡིན་ན་ཟླ་བ་གསུམ་གྱི་རིང་སྔོན་འགོག་སྨན་ཁབ་བརྒྱག་རྒྱུ་མེད་པ་དང་། ནད་ཡམས་ཕོག་ཟིན་པ་ཞིག་གི་ (plasma) ནད་པ་གཞན་ཞིག་སྤྲད་དེ་དྲག་སྐྱེད་བྱུང་བ་རྣམས་ནས་ཀྱང་ཟླ་གསུམ་གྱི་རྗེས་སུ་འགོག་ཁབ་བརྒྱག་དགོས་པའི་ལམ་སྟོན་ཕེབས་ཡོད། དེ་བཞིན་སྔོན་འགོག་ཁབ་རིམ་པ་དང་པོ་བརྒྱབ་ཡོད་ནའང་གཉིས་པ་མ་བརྒྱབ་གོང་ཏོག་དབྱིབས་གཉན་རིམས་ཕོག་ཚེ་སྔོན་འགོག་ཁབ་གཉིས་པ་དེ་ནད་གཞི་དྲག་སྐྱེད་བྱུང་ནས་ཟླ་བ་གསུམ་གྱི་རྗེས་སུ་ཁབ་བརྒྱབ་དགོས། སྔོན་འགོག་སྨན་ཁབ་བརྒྱབ་པ་ཡིན་ན་ནད་གཞི་ལྗིད་པོ་མི་ན་བ་དང་གང་མགྱོགས་དྲག་སྐྱེད་ཡོང་བའི་ཕན་ཐོགས་འདུག ཅེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༡ དེ་མཇུག་སྒྲིལ་ཡོད། །