༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༠ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་བཅས་ཡིན།
དེ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་གསུང་དོན། ཏོག་དབྱིབས་ནད་རླབས་གཉིས་པའི་སྐབས་འདིར་རྒྱ་གར་ནང་མི་གྲངས་མང་པོ་འདས་གྲོངས་སུ་གྱུར་བ་དང་། སྨན་ཁང་ཁག་གི་ནང་སྨན་བཅོས་སོགས་འབ་སུ་འདུས་དཀའ་བའི་གནས་སྟངས་འོག་མི་མང་པོ་ཞིག་ལ་དཀའ་ངལ་ཧ་ཅང་འཕྲད་དང་འཕྲད་མུས་ཡིན་པར་བརྟེན་དེ་དག་ལ་གདུང་སེམས་མཉམ་སྐྱེ་ཡོད།
ད་ཆ་རང་རེའི་སྤྱི་ཚོགས་ནང་བོད་མི་ཁག་གཅིག་གིས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པར་བརྟེན་ཁ་རས་མ་གྱོན་པ་དང་གང་བྱུང་འདུ་འཛོམས་རིགས་བྱེད་པ་སོགས་ལྷོད་གཡེང་དུ་མ་བཏང་བར་མུ་མཐུད་དམ་དོན་གནང་རོགས། སྔོན་འགོག་སྨན་ཁབ་བརྒྱབ་ཟིན་ནའང་ཏོག་དབྱིབས་གཉན་རིམས་འགོས་ཀྱི་ཡོད་པ་མ་ཟད་མི་གཞན་ལའང་འགོས་པའི་ཉེན་ཁ་ཡོད། དེ་བཞིན་མི་ཁག་གཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་སྟེ་ད་ཆ་དྲག་སྐྱེད་ཕྱིན་ཡོད་ནའང་མུ་མཐུད་འཛེམས་ཟོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གཉན་རིམས་དེ་ཕོག་ནས་དྲག་སྐྱེད་བྱུང་རྗེས་ལུས་ཟུང་གི་ནུས་པ་ཆེ་རུ་ཕྱིན་ཏེ་བསྐྱར་དུ་གཉན་རིམས་དེ་ཕོག་པའི་ཉེན་ཁ་ཆུང་བ་ཡོད་སྐོར་བརྗོད་ཀྱི་ཡོད་ནའང་བསྐྱར་དུ་མི་འགོས་པ་ཞིག་མིན་སྟབས། སྔོན་འགོག་གི་ཐབས་ལམ་ཁག་ལ་མུ་མཐུད་ངེས་པར་དུ་བསྟེན་དགོས།
བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་ཡོད་པའི་བོད་མི་ཁག་གཅིག་ལ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་དཀའ་ངལ་ཏན་ཏན་འཕྲད་ཡོད་ཀྱི་རེད། དཀའ་ངལ་ཡོད་མཁན་རྣམས་ནས་འབྲེལ་ཡོད་ས་གནས་འགོ་འཛིན་དང་སྨན་ཁང་འགན་འཛིན་ལ་འབྲེལ་བ་ཞུ་དགོས།
གལ་ཏེ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་དང་ཆམ་རིམས་ཚབས་ཆེ་རིགས་ཕོག་པ་ཡིན་ན་སྦེད་གསང་མེད་པར་དུས་ཐོག་ལམ་སྟོན་དང་བརྟག་དཔྱད་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་དབུ་ཁྲིད་པའི་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་བོད་ཀྱི་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་། ས་གནས་འགོ་འཛིན་ལས་ཁུངས། དབུས་སྣེ་ལེན་འབྲེལ་མཐུད་ཁང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བཅས་མཉམ་རུབ་ཐོག་ད་བར་ལོ་ངོ་གཅིག་ལྷག་ཙམ་རིང་ནུས་པ་མཉམ་སྤུངས་ཐོག་མཐུན་རྐྱེན་གང་ཐུབ་སྦྱར་ཐུབ་པ་བྱུང་ཡོད། ས་གནས་ཁག་ཏུ་ཡིན་ནའང་ས་གནས་འགོ་འཛིན་ལས་ཁུངས་དང་སྨན་ཁང་འགན་འཛིན། སྨན་པ་དང་སྨན་ཞབས། ས་གནས་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་། ལས་བྱེད། དང་བླངས་བ་སོགས་མི་གསུམ་སྟོང་ལྷམ་ཙམ་གྱིས་མཉམ་རུབ་ཀྱིས་གནང་བཞིན་ཡོད། སྟབས་ལེགས་པ་ཞིག་ལ་ཟླ་བ་གཅིག་གཉིས་ཙམ་གྱི་གོང་ནས་ཚོགས་སྒེར་མང་པོ་ཞིག་སྔར་དང་མི་འདྲ་བར་མདུན་དུ་ཐོན་ནས་ཕྱག་ལས་གནང་བཞིན་པར་འཕྲོད་བསྟེན་ལས་ཁུངས་ནས་སྙིང་ཐག་པ་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་སོགས་དང་འབྲེལ་བའི་ལས་དོན་ཇི་སྤེལ་ངོ་དེབ་ (Health CTA) ནང་ཞིབ་ཕྲ་གཟིགས་རྒྱུ་ཡོད་སྐོར་སོགས་གསུངས་གྲུབ་མཚམས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢༥ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༧ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༣༢ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༧༩༣ དང་སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༧༤༠ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༡༥༣༣ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། ད་བར་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་ ༣༤༥༦༩ རིན་མེད་ཕུལ་ཐུབ་པ་བྱུང་ཡོད། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༢༣༧ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད་པ་དང་། ནད་ཡམས་ཁྱབ་བརྡལ་བཀག་འགོག་ཆེད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༢༡ ནས་བོད་མི་གྲངས་ ༢༤༤༡ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༣ ནས་བོད་མི་གྲངས་ ༡༢ བཅས་ཁྱོན་བོད་མི་གྲངས་ ༢༤༥༣ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་ཐུབ་པ་བྱུང་ཡོད།སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་མདུན་དུ་ཐོན་ནས་ཕྱག་ལས་གནང་མཁན་མི་གྲངས་ ༡༣༣༠ དང་། བླ་གཉན་གྱི་ནད་གཞི་ཡོད་མཁན་མི་གྲངས་ ༡༩༥༤། ལོ་ན་ ༦༠ ཡན་གྱི་མི་གྲངས་ ༧༧༠༤ ། ལོ་ན་ ༤༥ ཡན་གྱི་མི་གྲངས་ ༥༣༨༨ ལོ་ན་ ༡༨ ཡན་གྱི་མི་གྲངས་ ༣༠༤ བཅས་ཁྱོན་མི་གྲངས་ ༡༦༦༩༩ ཙམ་ལ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་ཆགས་ཀྱི་ཡོད། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༦༣༦ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༣༤༢ དང་། བུད་མེད་གྲངས་ ༢༩༤ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༨ དང་ཆུང་ཤོས་དེ་བྱིས་པ་ལོ་ ༡ ཡིན། ནད་གཞི་ཕོག་པའི་ཁོངས་ནས་ཕལ་ཆེ་བར་ནད་རྟགས་ཅུང་ཟད་མངོན་པ་དང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་མི་གྲངས་ ༡༨ འདས་གྲོངས་སུ་གྱུར་ཡོད།
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༤༠༡༣ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༢༣༨༨ འདས་གྲོངས་སོང་བ་མི་གྲངས་ ༡༠༡ ད་ལྟ་རྒྱ་གར་དང་བལ་ཡུལ་ནང་ནད་མནར་གསོ་བཅོས་བཞིན་པ་མི་གྲངས་ ༡༥༢༤ ཡོད་འདུག
མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། ད་བར་འཛམ་གླིང་ཁྱོན་ཡོངས་ནང་ནད་གཞི་འདི་ཕོག་པའི་མི་གྲངས་ས་ཡ་ ༡༦༣ དང་རྒྱ་གར་ནང་ནད་གཞི་འདི་ཕོག་པ་མི་གྲངས་ས་ཡ་ ༢༥ བྱུང་ཡོད། ད་ལྟའི་ཆར་རྒྱ་གར་ནང་ནད་མནར་བཞིན་པ་མི་གྲངས་འབུམ་སུམ་ཅུ་སོ་གཅིག འདས་པའི་ཆུ་ཚོད་ ༢༤ ནང་ནད་གཞི་ཕོག་པ་མི་གྲངས་འབུམ་གཉིས་དང་སྟོང་ཕྲག་བདུན་ཅུ་དོན་དྲུག་བྱུང་ཡོད། ཅེས་སོགས་གསུངས།མཐར་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་དོན། རྒྱ་གར་དབུས་གཞུང་ནས་ཉེ་ ཆར་སྔོན་འགོག་སྨན་ཁབ་དང་འབྲེལ་བའི་གསལ་བསྒྲགས་ཤིག་གནང་བའི་ནང་གལ་ཏེ་ཏོག་དབྱིབས་གཉན་རིམས་ཕོག་པ་ཡིན་ན་ཟླ་བ་གསུམ་གྱི་རིང་འགོག་ཁབ་བརྒྱག་རྒྱུ་མེད་པ་དང་། སྔོན་འགོག་ཁབ་རིམ་པ་དང་པོ་བརྒྱབ་ཡོད་ནའང་གཉིས་པ་མ་བརྒྱབ་གོང་ཏོག་དབྱིབས་གཉན་རིམས་ཕོག་ཚེ་འགོག་ཁབ་གཉིས་པ་དེ་ནད་གཞི་དྲག་སྐྱེད་བྱུང་ནས་ཟླ་བ་གསུམ་གྱི་རྗེས་སུ་ཁབ་བརྒྱབ་དགོས། དེ་བཞིན་ནད་གཞི་ཕོག་ཟིན་པ་ཞིག་གི་ (plasma) ནད་པ་གཞན་ཞིག་སྤྲད་དེ་དྲག་སྐྱེད་བྱུང་བ་རྣསམ་ནས་ཀྱང་ཟླ་གསུམ་གྱི་རྗེས་སུ་འགོག་ཁབ་བརྒྱག་དགོས་པའི་ལམ་སྟོན་ཕེབས་ཡོད། ནད་ཡམས་འདི་ཕོག་སྟེ་དྲག་སྐྱེད་བྱུང་རྗེས་ལུས་ཟུང་གི་ནུས་པ་ཆེ་རུ་ཕྱིན་ཏེ་ཟླ་བ་ཁ་ཤས་རིང་ནད་ཡམས་འདི་བསྐྱར་དུ་འཕོག་རྒྱུའི་ཉེན་ཁ་ཆུང་ཆུང་ཡིན་སྟབས། རྒྱ་གར་དབུས་གཞུང་ནས་ལམ་སྟོན་དེ་ལྟར་གནང་ཡོད།
གལ་ཏེ་མི་སུ་འདྲ་ཞིག་ལ་ཏོག་དབྱིབས་གཉན་རིམས་མིན་པའི་ནད་གཞི་གཞན་ཞིག་གི་དབང་གིས་ཛ་དྲག་ངང་སྨན་ཁང་དུ་ཉལ་དགོས་བྱུང་ཚེ། ནད་གཞི་དེ་ལས་དྲག་བསྐྱེད་བྱུང་རྗེས་ཟླ་བ་གཅིག་གམ་གཉིས་ཀྱི་རྗེས་སུ་གཞི་ནས་སྔོན་འགོག་ཁབ་བརྒྱག་རྒྱུ་རེད་འདུག སྔོན་འགོག་ཁབ་རིམ་པ་གཉིས་ཀ་བརྒྱབ་རྗེས་ལུས་པོ་བདེ་པོ་ཡིན་པ་དང་ཉུང་མཐར་བདུན་ཕྲག་གཉིས་ཀྱི་རྗེས་སུ་མ་གཏོགས་མི་གཞན་ལ་ཁྲག་གི་སྤྱིན་པ་གཏོང་རྒྱུ་མེད། དེ་བཞིན་ནུ་མ་སྣུན་མཁན་གྱི་བུད་མེད་ཚོར་སྔོན་འགོག་སྨན་ཁབ་བརྒྱབ་ན་འགྲིག་གི་འདུག དེང་སྐབས་རྒྱ་གར་ནང་ནད་རླབས་གཉིས་པའི་རྐྱེན་གྱིས་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་སྟབས། ཚང་མས་སྔོན་འགོག་སྨན་ཁབ་ངེས་པར་དུ་བརྒྱབ་རོགས་ཞེས་ཞུ་རྒྱུ་ཡིན།
གལ་ཏེ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་མིན་པའི་སྔོན་འགོག་ཁབ་གཞན་རིགས་བརྒྱག་རྒྱུའི་འཆར་གཞི་ཡོད་ན་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་བརྒྱབ་རྗེས་ཉུང་མཐར་བདུན་ཕྲག་གཉིས་ཀྱི་རྗེས་སུ་བརྒྱབ་དགོས། ཞེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༠ དེ་མཇུག་སྒྲིལ་ཡོད། །