༄༅། །ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་ནག་ཆུ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཚན་ལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་གནང་མཛད།
ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ མཚན་མོར་རྒྱ་ནག་དམར་ཤོག་གཞུང་གིས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། ཡབ་ཡུམ། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་རང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་རྩད་གཅོད་ཚོགས་ཆུང་གི་འགན་འཛིན་དུ་བསྐོ་བཞག་བྱས་པའི་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སྐུ་འཁོར་བཅས་འཛིན་བཟུང་བཙན་ཁྲིད་བྱས། ཕྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ལྡན་གཙུག་ལག་ཁང་ཏུ་གསེར་བུམ་དཀྲུགས་ཏེ་ཁྱེའུ་རྒྱལ་མཚན་ནོར་བུ་ཟེར་བ་ཞིག་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་ ༡༠ མཆོག་གི་ཡང་སྲིད་དུ་ངོས་འཛིན་དང་ཁྱབ་བསྒྲགས་བྱས་ཡོད།
དེ་ནས་བཟུང་བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི། དེ་བཞིན་མི་སྒེར་པ་སོགས་ནས་ད་བར་རྒྱ་ནག་གཞུང་ལ་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ཡབ་ཡུམ་སྐུ་འཁོར་བཅས་གློད་བཀྲོལ་གཏོང་དགོས་པའི་རེ་སྐུལ་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གློད་བཀྲོལ་བཏང་མེད་པ་མ་ཟད་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་ལུགས་ཙམ་བརྗོད་པ་ལས་གང་དུ་ཡོད་མེད་སོགས་ཀྱི་སྐོར་གསལ་བཤད་གང་ཡང་བྱས་མེད།
རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། ཡབ་ཡུམ། བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སྐུ་འཁོར་བཅས་བཙན་ཁྲིད་བྱས་ཏེ་ད་བར་ལོ་ངོ་ཉེར་དྲུག་འཁོར་བཞིན་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་དྲ་ལམ་བརྒྱུད་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམ་རྗེས་དྲན། རྐུ་ལ་ཤོར་བའི་བོད་ཀྱི་བྱིས་པ། ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད།
དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་ནཱནཏ་ཀུ་མར་ཧེག་ཌེ་ (Anant Kumar Hegde) མཆོག གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་བཅས་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས། ༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་གོ་བབ། དེ་བཞིན་རྒྱལ་མཆོག་ཡབ་སྲས་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ཡང་སྲིད་ངོས་འཛིན་གནང་གི་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད། གཞན་ཡང་ཁོང་གིས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་བཟུང་སྟེ་བོད་མིའི་བླ་སྤྲུལ་ངོས་འཛིན་ལམ་ལུགས་ལ་རྩིས་མེད་རྡོག་རོལ་བཏང་ནས་༧པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༦ ཐོག་འཛིན་བཟུང་བཙན་ཁྲིད་བྱས་པ་རེད། ཅེས་སོགས་གསུངས།
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་ནཱནཏ་ཀུ་མར་ཧེག་ཌེ་མཆོག་གིས། དེ་རིང་ང་ཚོའི་ཆོས་ལུགས་ཀྱི་དབུ་ཁྲིད་༧པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ལོ་ངོ་ཉེར་དྲུག་འཁོར་བཞིན་ཡོད། རྒྱ་གར་མི་མང་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱ་ངེས་ཡིན་པ་ངས་ཁས་ལེན་བྱེད་ཆོག་ཅེས་སོགས་གསུངས།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཡིག་དང་ཨིན་ཡིག་ཏུ་ཡོད་པའི་རྐུ་ལ་ཤོར་བའི་བོད་ཀྱི་བྱིས་པ། ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ་དང་སྦྲགས། འདས་པའི་ལོ་ངོ་ཉེར་དྲུག་རིང་བོད་མི་རྣམས་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་སླད་བསྒུགས་དང་སྒུག་བཞིན་ཡོད། ཅེས་དང་། ད་བར་ཨ་རི་དང་། ཁེ་ན་ཌ། ཡུ་རོབ་སྤྱི་མཐུན་ཚོགས་པ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་རྒྱ་ནག་གཞུང་ལ་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་ཁ་གསལ་བྱེད་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་གནས་ཚུལ་ཁུངས་ལྡན་ཞིག་ཡོངས་གྲགས་བྱས་མེད། ཅེས་གསུངས།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་དམར་ཤོག་གཞུང་ལ་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། ཡབ་ཡུམ། བྱ་བྲལ་རིན་པོ་ཆེ་སྐུ་འཁོར་བཅས་གློད་བཀྲོལ་གཏོང་དགོས་པ་དང་། ༧པཎ་ཆེན་ཆུང་སྲིད་རིན་པོ་མཆོག་ལ་༧པཎ་ཆེན་སྐུ་གོང་མའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་མུ་མཐུད་རྒྱུན་སྐྱོང་གནང་འཇུག་པའི་འབོད་སྐུལ་གནང་ཡོད།
ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས་ཐེངས་འདིའི་དྲ་ཐོག་གི་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་བཅས།།