༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༧ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཚེ་རིང་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་བཅས་ཡིན།
དེ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཚེ་རིང་ལགས་ཀྱིས་གསུང་དོན། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནས་ནད་ཡམས་ཁྱབ་གདལ་བཀག་འགོག་སླད་ཁ་རས་གྱོན་རྒྱུ་དང་། མིའི་དབར་རྒྱང་ཐག་འཇོག་རྒྱུ། ལག་པ་ཡང་ཡང་བཀྲུས་དགོས་པའི་ལམ་སྟོན་སྔ་རྗེས་གནང་བ་དེ་དག་ངེས་པར་དུ་ལག་བསྟར་གནང་རོགས། བོད་མི་སུ་འདྲ་ཞིག་ཡིན་རུང་ད་ལྟའི་རང་ཉིད་ཀྱི་སྡོད་གནས་རང་ལ་བཞུགས་རྒྱུ་གལ་ཆེན་ཆགས་ཡོད། ལྷག་པར་ལྡི་ལི་དང་ཀརནཱ་ཊཀ། ཨུཏྟར་པྲདེཤ། མདྱ་པྲདེཤ། མཧཱ་རཱཥཊྲ། རཱཇསྠན། ཏ་མིལ་ནཱ་ཌཱུ། ཀེ་རལ། ནུབ་བངྒཱལ། གུཇ་རཱཏ་བཅས་མངའ་སྡེ་དེ་དག་གི་ནང་ཉིན་རེར་མི་གྲངས་ཁྲི་ ༢་་༣ ཙམ་ལ་ནད་རྟགས་འབྱུང་བཞིན་ཡོད་པར་བརྟེན་མངའ་སྡེ་དེ་དག་གི་ནང་མ་ཕེབས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
མི་མང་འདུ་འཛོམས་དང་ཚོགས་འདུ་རིགས་མི་བསྐོང་བ་དང་། ཏོག་དབྱིབས་གཉན་རིམས་འདི་ཉིད་ཧ་ཅང་འགོ་སླ་བར་སོང་ཕྱིར་ཕེབས་སྐབས་ཁ་རས་གཉིས་རྩེས་ངེས་པར་དུ་གྱོན་དགོས་སྐོར། ཏོག་དབྱིབས་ནད་གཞི་ཕོག་མཁན་ཚོ་དངངས་སྐྲག་གནང་རྒྱུ་མེད་པ་དང་གལ་ཏེ་དངངས་སྐྲག་གནང་ཚེ་སོ་སོའི་སེམས་ཁམས་ལ་གནོད་ངེས་ཡིན་པས་སེམས་ཁམས་འཕྲོད་བསྟེན་ལ་དོ་ཕོག་བྱུང་ན་ནད་གཞི་དྲག་སྐྱེད་ལ་འགོག་རྐྱེན་འབྱུང་ངེས་ཡིན་སྟབས། ཐུགས་ལྷོད་ལྷོད་ངང་བཞུགས་རོགས་ཞེས་དང་།
དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡ ཉིན་ནས་ལོ་ན་ ༡༨ ཡན་གྱི་གཞོན་སྐྱེས་ཚོར་སྔོན་འགོག་གི་སྨན་ཁབ་བརྒྱག་འཆར་ཡོད་པ་ལྟར། བོད་པའི་གཞོན་སྐྱེས་ཚོས་ཏོག་དབྱིབས་གཉེན་རིམས་སྔོན་འགོག་གི་སྨན་ཁབ་བརྒྱག་རྒྱུར་གྲ་སྒྲིག་དང་སྨན་ཁབ་ངེས་པར་དུ་བརྒྱབ་དགོས་པ། དགོན་སྡེ་དང་སློབ་གྲྭ། ཚོགས་པ་ཁག་གི་འགན་འཛིན་རྣམས་ནས་ཟླ་གཅིག་ནས་གཉིས་བར་ནད་ཡམས་ཐད་དོ་ནན་གནང་དགོས་པའི་འབོད་སྐུལ་ཞུས་སོང་།
དེ་ནས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢༣ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢༥ ནང་གི་བོད་མི་གྲངས་ ༩༧༢ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༣༩ ལ་ཁ་པར་བརྒྱུད་སེམས་ཁམས་འཕྲོད་བསྟེན་སྐོར་སློབ་གསོ་གནང་ཡོད་པ་དང་། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་ཁྱོན་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་གྲངས་ ༢༣༣༤ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། རྒྱ་གར་ནང་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་ནས་ད་བར་ཁྱོན་མི་གྲངས་ ༡༥༤༥༧ ཙམ་ལ་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་སྐྱེས་པ་གྲངས་ ༢༢༨ དང་བུད་མེད་གྲངས་ ༡༢༤ བཅས་ཁྱོན་མི་གྲངས་ ༣༥༢ བྱུང་ཡོད་པའི་ཁྲོད་ནས་དགུང་ན་མཐོ་ཤོས་དེ་ལོ་ན་ ༨༦ སོན་པ་དང་ཆུང་ཤོས་དེ་ལོ་ ༡ དང་ཟླ་བ་ ༡༡ ཡིན། བློ་ཕམ་པ་ཞིག་ལ་བདུན་ཕྲག་འདིའི་ནང་མི་གྲངས་ ༣ འདས་གྲོངས་སུ་གྱུར་འདུག
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༢༤༥༠ བྱུང་ཡོད་པ་དང་དྲག་སྐྱེད་བྱུང་བ་མི་གྲངས་ ༡༧༢༠ འདས་གྲོངས་སོང་བ་མི་གྲངས་ ༥༣ ད་ལྟ་ནད་མནར་གསོ་བཅོས་གནང་བཞིན་པ་མི་གྲངས་ ༦༧༧ ཡོད་པ་དང་མང་ཆེ་བ་ལྡི་ལི་དང་ལྡེ་ར་ལྡུན། རྡ་ས་ཁུལ་བཅས་ནས་ཡིན།
ད་བར་རྒྱལ་སྤྱིའི་ནང་ནད་གཞི་ཕོག་པ་མི་གྲངས་ས་ཡ་ ༡༤༨ དང་འདས་གྲོངས་སོང་བ་ས་ཡ་གསུམ་ལྷག་ཆགས་ཀྱི་འདུག བྱེ་བྲག་ཏུ་རྒྱ་གར་ནང་ས་ཡ་ ༡༨ ལྷག་བྱུང་ཡོད་པ་དང་འདས་གྲོངས་སུ་གྱུར་བ་འབུམ་གཉིས་ཙམ་ཆགས་ཀྱི་འདུག རྒྱ་གར་ནང་ད་ལྟ་ནད་མནར་བཞིན་པ་མི་གྲངས་འབུམ་སུམ་ཅུ་ལྷག་ཡོད་པ་དང་། རྒྱ་གར་ནང་འདས་པའི་ཆུ་ཚོད་ ༢༤ ནང་ནད་གཞི་གསར་པ་ཕོག་པའི་མི་གྲངས་འབུམ་གསུམ་དང་སྟོང་ཕྲག་བདུན་ཅུ་དོན་དགུ་ཙམ་བྱུང་འདུག ཅེས་སོགས་གསུངས།
མཐར་སྨན་པ་བསྟན་འཛིན་རྣམ་སྒྲོན་ལགས་ཀྱིས་ལམ་སྟོན་གནང་དོན། དེང་སྐབས་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྦ་རླབས་གཉིས་པ་འཕྱུར་འགོ་བཙུགས་ཏེ་ནད་ཕོག་པའི་གྲངས་འབོར་ཉིན་རེ་བཞིན་འཕེལ་བཞིན་ཡོད་པར་བརྟེན་ཛ་དྲག་གི་གནས་སྟངས་གྱུར་ཡོད་པ་མ་ཟད། གཉན་རིམས་ཀྱི་རྦ་རླབས་གཉིས་པ་འདིའི་གཉན་སྲིན་གྱི་རྣམ་པ་འགྱུར་བ་ལ་བརྟེན་ནས་ནད་འགོ་རྒྱུའི་ཉེན་ཁ་ཤུགས་ཆེ་བ་ཡོད་པ་དང་། མི་རྒན་གཞོན་ཚང་མར་འགོ་རྒྱུའི་ཉེན་ཁ་གཅིག་མཚུངས་ཡོད་སྟབས། སྔོན་འགོག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ཉེ་ཆར་རྒྱ་གར་དབུས་གཞུང་གིས་གསལ་བསྒྲགས་གནང་བའི་ནང་ཕྱི་ཟླ་ ༥ ཚེས་ ༡ ནས་ལོ་ན་ ༡༨ ཡན་སོན་པ་རྣམས་ལ་སྔོན་ཁབ་བརྒྱག་རྒྱུའི་འཆར་གཞི་ཡོད་པ་ལྟར། ཚང་མས་སྔོན་ཁབ་ངེས་པར་དུ་བརྒྱབ་རོགས་ཞེས་འབོད་སྐུ་ཞུ་རྒྱུ་ཡིན། སྔོན་ཁབ་བརྒྱབ་ཟིན་པ་རྣམས་ལ་ནད་ཡམས་འདི་ཕོག་པའི་བརྒྱ་ཆ་ཧ་ཅང་ཉུང་ངུ་རེད། གལ་ཏེ་ནད་ཡམས་འགོས་པ་ཡིན་ནའང་ཛ་དྲག་གི་གནས་སྟངས་མི་ཆགས་རྒྱུར་ཕན་ཐོགས་ཏན་ཏན་ཡོད་པ་རེད། ཅེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༧ དེ་མཇུག་སྒྲིལ་ཡོད། །