༄༅། །སུད་སི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་ཞུས་པའི་ཉིན་གྲངས་གསུམ་རིང་བཙན་དབང་འོག་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་དང་། རྒྱ་གཞུང་གིས་བོད་ནང་གཉའ་གནོན་བྱས་ནས་ལོ་ངོ་ ༧༠ འཁོར་བ་ཞེས་པའི་ཉིན་གཉིས་པའི་དྲ་ཐོག་བགྲོ་གླེང་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པས་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང་། བོད་ཀྱི་རིག་གཞུང་དང་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་གཏོང་བཞིན་ཡོད་སྐོར་གསལ་འདོན་གནང་ཡོད།
དེ་ཡང་ཉིན་གཉིས་པའི་དྲ་ཐོག་བགྲོ་གླེང་ཐོག་བོད་དུ་ལོ་ངོ་ ༧༠ རིང་གི་གཉའ་གནོན་དང་གཏོར་བཤིག་ཅེས་པའི་བརྗོད་གཞིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་པ་དང་ལྷན་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༢ རེས་གཟའ་སྤེན་པ་ཉིན་བགྲོ་གླེང་གནང་ཡོད། བགྲོ་གླེང་ཐོག་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་། ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷ་སྒྲོན་ལགས་བཅས་ཀྱིས་གསུང་བཤད་གནང་ཡོད་པ་དང་། སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་ཡོད།
བགྲོ་གླེང་ཐོག་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང་། བོད་ཀྱི་རིག་གཞུང་དང་ངོ་བོ། རང་བྱུང་ཁོར་ཡུག་བཅས་ལ་གཏོར་བཤིག་བཏང་ཡོད་པ་དང་། དུས་དེ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་ཕྱོགས་གང་སྤྱིའི་ཐད་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱུན་ཆད་མེད་པར་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་གསུངས་ཡོད། དེ་བཞིན་སྐལ་ལྡན་མཚོ་མོ་ལགས་ཀྱིས། བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱས་པར་བོད་མི་ཚོས་རྣམ་པ་གང་རུང་གི་ཐོག་ནས་ཞི་བའི་ངོ་རྒོལ་ག་ཚོད་བྱས་ཀྱང་རྒྱ་ནག་གཞུང་ཀྱིས་རང་དགར་འཛིན་བཟུང་དང་། བཀག་ཉར། བཙོན་འཇུག དེ་བཞིན་སྡུག་སྦྱོང་མནར་གཅོད་སོགས་བྱེད་བཞིན་ཡོད་སྐོར་དང་། བོད་ནང་བོད་མི་ཚོར་སྤྱི་སྲོལ་ལྟར་ཞི་བའི་ངོ་རྒོལ་བྱ་རྒྱུའི་གོ་སྐབས་སོགས་གང་ཡང་མེད་པར་བརྟེན་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་མི་ཚོས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་སྐོར་དང་།
བོད་ནང་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་རྣམས་རྒྱ་ནག་གཞུང་གིས་ནུས་པ་གང་ཡོད་ཀྱིས་སྦ་གསང་བྱེད་ཀྱི་ཡོད་ནའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༡༩༥༩ དང་ ༡༩༦༡། ༡༩༦༥། བཅས་ལ་གྲོས་འཆམ་བྱུང་བའི་བོད་ཀྱི་གནད་དོན་སྐོར་གྱི་གྲོས་ཆོད་ཁག་དང་། དེ་བཞིན་རྒྱལ་སྤྱིའི་སྙན་ཐོ་ཁག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་གནང་ཡོད་སྐོར་དང་། གྲོས་ཆོད་དེ་དག་གིས་རྒྱ་ནག་གཞུང་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའིི་ཐོབ་ཐང་དང་། ཐུན་མོང་མ་ཡིན་པའི་རིག་གཞུང་། ཆོད་ལུགས་བཅས་ལ་བརྩི་འཇོག་བྱ་དགོས་པ་ཡང་ཡང་རེ་འབོད་གནང་ཡོད་སྐོར་སོགས་གསུངས།
ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས་བོད་ནང་ཞེན་ཆ་ཆེ་བའི་འཕེལ་རྒྱས་ཀྱིི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཐོག་གསུང་བཤད་གནང་སྟེ། རྒྱ་ནག་གཞུང་གིས་ཉེ་ཆར་སྤེལ་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ལ་ལན་འདེབས་གནང་བའི་སྐབས་དང་། དེ་སྔའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཁག་ནང་བོད་ནང་ཞི་བའི་བཅིངས་འགྲོལ་དང་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་སྐོར་རྒྱ་ནག་གཞུང་གིས་ཡང་ཡང་བརྗོད་ཀྱི་ཡོད་ཀྱང་། ཡིག་ཆ་དེ་དག་ནང་བོད་མིར་ཇི་ལྟར་སྡུག་སྦྱོང་མནར་གཅོད་བཏང་བ་འཁོད་མེད། རྒྱ་ནག་དམར་པོའི་སྲིད་གཞུང་གི་འདས་པའི་ལོ་ངོ་ ༧༠ རིང་བོད་ནང་གཉའ་གནོན་དང་གཏོར་བཤིག་ཁོ་ན་བྱས་ཡོད་སྐོར་དང་། བོད་ཀྱི་ས་ཁུལ་ནི་རྒྱ་ནག་གཞུང་གིས་འཕེལ་རྒྱས་གཏོང་རྒྱུའི་གལ་གནད་ལ་རྩི་བཞིན་ཡོད་ནའང་། རྒྱ་ནག་གཞུང་གི་ལས་གཞི་དེ་དག་གིས་བོད་ནང་བཅིངས་བཀྲོལ་བཏང་མེད་པ་མ་ཟད་ཡར་རྒྱས་གོང་འཕེལ་ཡང་བཏང་མེད།
དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་བོད་མི་རིགས་དེ་བཞིན་རྒྱ་རིགས་ཅན་དུ་བསྒྱུར་རྒྱུ་དང་། བོད་ཆོལ་ཁ་གསུམ་ཡོངས་རྫོགས་རྒྱ་ནག་གི་ཞིང་ཆེན་གཅིག་འོག་ཏུ་ཟླ་སྒྲིལ་བྱ་རྒྱུར་དམིགས་བཞིན་ཡོད། བོད་ལས་ཚོང་དོན་ (Tibet Work Forum) དང་། ལྷག་པར་བོད་ལས་ཚོང་དོན་ཐེངས་དྲུག་པ་དང་། བདུན་པའི་ལས་དོན་གླེང་སྟེགས་ཐོག་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་རོལ་བོད་ཀྱི་ས་ཆ་གཞན་ཁག་ཏུ་འཕེལ་རྒྱས་ཀྱི་ལས་གཞི་དེ་བཞིན་རྒྱ་སྐྱེད་བཏང་སྟེ། བོད་ཀྱི་ས་ཁུལ་དེ་དག་ནང་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་པ་དང་། བོད་མི་རིགས་རྒྱ་རིགས་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་བསྟན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་དེང་དུས་ཀྱི་འཕྲུལ་རིག་འདྲ་མིན་བེད་སྤྱད་དེ་བོད་མིར་བྱ་ར་དང་། ཚོད་འཛིན་བྱས་པ་བརྒྱུད་བོད་ནང་རྒྱ་ནག་གཞུང་གིས་ཆོས་ལུགས་ལ་དྲག་གནོན་དང་། རིག་གཞུང་རྩ་གཏོར་གཏོང་བཞིན་ཡོད་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་རྩ་གཏོར་བཏང་བའི་བོད་ཀྱི་དགོན་སྡེ་ཆེ་ཤོས་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ཀྱི་གནད་དོན་དེ་དཔེ་མཚོན་བྱས་ཏེ། རྒྱ་ནག་གཞུང་གིས་ཇི་ལྟར་འཕེལ་རྒྱས་ཀྱི་ལས་གཞིའི་འོག་བོད་ནང་གཏོར་བཤིག་གཏོང་གི་ཡོད་སྐོར་སོགས་གསུངས།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་རང་ཉིད་ཀྱི་ཞིབ་འཇུག་ལ་གཞིགས་ཏེ། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ངོ་ ༧༠ རིང་བོད་ནང་གི་ཁོར་ཡུག་ལ་གནོད་སྐྱོན་ཇི་ལྟར་ཕོག་མིན་ཐོག་གསུང་གནང་ཡོད། དེ་ཡང་ཁོང་གིས་ཉེ་ཆར་རྒྱ་ནག་གཞུང་གིས་སྤེལ་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ནང་གི་ལིའུ་ ༨ པའི་ནང་བོད་ལ་བཅིངས་འགྲོལ་དང་། ཡར་རྒྱས་གོང་འཕེལ་བཏང་ཡོད་ཚུལ་བརྗོད་པ་དེ་ནི་བདེན་པ་མིན་པ་དང་། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་ཚད་མེད་སྔོག་འདོན་དང་། གཞི་རྒྱ་ཆེ་བའི་ཆུ་མཛོད་རྒྱག་བཞིན་པ། བཙན་ཤེད་ཀྱིས་བོད་ཀྱི་འབྲོག་པ་རྣམས་ཕྱིར་འདོན་སོགས་བྱས་ཏེ་བོད་ནང་གཏོར་བཤིག་ཚབས་ཆེན་གཏོང་བཞིན་ཡོད་སྐོར་དང་། རྒྱ་ནག་གི་བྱ་སྤྱོད་དེ་དག་ལ་བརྟེན་ནས་འཛམ་གླིང་གི་མཐོ་སྒང་དེ་བཞིན་དུག་རྫས་ཀྱི་སྐམ་ས་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཡོད་པ་དང་། གལ་ཏེ་རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་དག་འཚམས་འཇོག་མ་བྱས་ཚེ་དེས་བོད་ཙམ་མ་ཟད། རྒྱ་ནག་དང་། བོད་ཀྱི་རྒྱུག་ཆུ་ལ་བརྟེན་མཁན་ཨེ་ཤི་ཡའི་མི་ས་ཡ་ཁ་ཤས་ལ་གནོད་འཚེ་བཟོ་སྲིད་སྐོར་སོགས་གསུངས།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པ་དང་། དེའི་མི་རིགས་མཉམ་བསྲེའི་སྲིད་བྱུས། ལོ་ངོ་ ༧༠ རིང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་འོག་བོད་ཀྱི་ལོ་རྒྱུས་དང་། སྲོལ་རྒྱུན་རིག་གནས། ངོ་བོ་བཅས་ལ་ཉེན་ཚབས་སུ་འགྱུར་བའི་ཐོག་གསུང་གནང་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་སློབ་གསོ་ལག་ཆ་ཞིག་ཏུ་བེད་སྤྱད་དེ་སྲིད་བྱུས་རྣམས་ཇི་ལྟར་ལག་བསྟར་བྱེད་ཀྱི་ཡོད་མིན་སྐོར་གསུང་གནང་ཡོད།
གཞན་ཡང་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱིི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཨུ་ཚུགས་ཀྱིས་རྒྱ་མི་རིགས་དང་མཉམ་བསྲེས་གཏོང་རྒྱུར་འབད་པ་ནི་བོད་ཁྱོན་ཡོངས་ནས་རྩ་མེད་བཟོ་རྒྱུའི་ཀུན་སློང་ཙམ་མ་ཡིན་པར། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ (Chinese socialist characteristics) ཞེས་པའི་གླེང་སློང་འོག་བོད་མིར་དོ་དམ་བྱས་པ་ཞིག་ཡིན། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་བརྗོད་པ་དེས་ཇི་ལྟར་རྒྱ་ནག་དམར་ཤོག་ཚོགས་པར་བདེ་འཇགས་ཀྱི་འཚོར་བ་མེད་པ་ཞིག་བཟོས་ཡོད་སྐོར་དང་། དེ་ལས་རྣམ་པར་རྒྱལ་བའི་ཆེད་རྒྱ་ནག་གཞུང་གིས་ལོ་རྒྱུས་རྫུན་བཟོ་དང་། ཕྱིའི་དངོས་པོ་ཡར་རྒྱས་སོགས་གལ་གནད་དུ་རྩིས་ཡོད་མ་ཟད། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་། ཤར་ཏུར་ཀིསི་ཐན་གྱི་ཁ་ཆེའི་ཆོས་ལུགས། རྒྱ་ནག་གི་ས་ཁུལ་གཞན་ནང་གི་ཆོས་འཁོར་སྒོམ་སྒྲུབ་བཅས་ནས་བསྐྱུན་པའི་རྣམ་པ་འདྲ་མིན་གྱི་ཤ་ཞེན་དང་། ཤེས་བྱ་སོགས་ལ་རྒྱ་ནག་གཞུང་གིས་འགོག་ཐབས་ནན་པོ་བྱེད་ཀྱི་ཡོད་སྐོར་སོགས་གསུངས། །