༄༅། །སུད་སི་སྐུ་ཚབ་དོན་ཁང་གིས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༡ ནས་ ༢༣ བར་ཉིན་གྲངས་གསུམ་རིང་བཙན་དབང་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དང་། རྒྱ་གཞུང་གིས་བོད་ནང་གཉའ་གནོན་བྱས་པའི་ལོ་ངོ་ ༧༠ (17-Point Agreement and 70-years of Oppression in Tibet) ཞེས་པའི་བརྗོད་གཞིའི་ཐོག་དྲ་ཐོག་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཏེ་རྒྱ་ནག་གཞུང་གིས་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ཏུ་བཅུག་ནས་ལོ་ངོ་ ༧༠ འཁོར་བའི་དྲན་གསོ་ཞུ་རྒྱུ་ཡིན།
དེ་ཡང་ཉིན་གསུམ་གྱི་དྲ་ཐོག་བགྲོ་གླེང་དེ་བཞིན་རྒྱ་གར་གྱི་ཕྱི་དྲོ་ཚོུད་ ༦།༣༠ ནས་ ༨ བར་དང་། ཇི་ནི་ཝའི་ཕྱི་དྲོ་ཚོུད་ ༣ ནས་ ༤།༣༠ བར། ནིའུ་ཡོག་གི་སྔ་དྲོ་ཚོུད་ ༩ ནས་ ༡༠།༣༠ བར་སུད་སི་སྐུ་ཚབ་དོན་ཁང་གི་ངོ་དེབ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན།འདི་ལོའིི་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་ནི་བོད་དང་རྒྱ་ནག་དབར་རྒྱ་གཞུང་གིས་བོད་མི་ཚོར་བཅིངས་འགྲོལ་གཏོང་རྒྱུའི་ཁས་ལེན་འོག་བཙན་དབང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མི་རྟགས་བཀོད་དུ་བཅུག་ནས་ལོ་ངོ་ ༧༠ འཁོར་གྱི་ཡོད་པ་དང་རྒྱ་ནག་གཞུང་གིས་ཕྱིས་སུ་གྲོས་མཐུན་ལས་འགལ་ཏེ་བོད་ནང་སྔར་བྱུང་མྱོང་མེད་པའི་སྡུག་རྩུབ་མནར་གཅོད་ལག་བསྟར་བྱས་ཡོད། རྒྱ་གཞུང་གིས་བོད་ལ་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་ཁྱབ་གཏམ་སྤེལ་བ་དེ་ནི་དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་ལ་གཉའ་གནོན་བྱས་ནས་ལོ་ངོ་ ༧༠ འཁོར་གྱི་ཡོད།
དེ་ཡང་གྲོས་མཐུན་དོན་ཚན་བཅུ་བདུན་ལ་འགལ་འཛོལ་བྱས་པའི་གནས་ཚུལ་དང་ཤུགས་རྐྱེན་ནི། རྒྱ་ནག་དང་ཨིན་གཞུང་དབར་ཧོང་ཀོང་ཐོག་བཞག་པའི་གྲོས་མཐུན་ལ་རྒྱ་ནག་གཞུང་གིས་བརྩི་མེད་བཏང་བ་དང་ཧ་ཅང་འདྲ་བོ་ཡོད། རྒྱ་ནག་དང་ཨིན་གཞུང་དབར་བཞག་པའི་གྲོས་མཐུན་ལ་བརྩི་མེད་བཏང་བ་དེས་རྒྱ་ནག་གཞུང་གིས་མངོན་སུམ་འཛེམས་མེད་ངང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་མེད་བཏང་ཡང་ཆད་པ་མི་ཕོག་པའི་བྱ་སྤྱོད་ལ་འཛམ་གླིང་ནང་བསྐྱར་དུ་དོ་སྣང་སླེབས་ཡོད། ད་ལྟའི་དུས་ཚོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་རྒྱུས་ལ་ཞིབ་ལྟ་བྱས་ནས་མ་འོངས་པའི་བྱ་སྤྱོད་སྤེལ་ཕྱོགས་ཀྱི་ཐད་ཐག་གཅོད་བྱེད་དགོས་པའི་དུས་ལ་སླེབས་ཡོད།ཐེངས་འདིའི་དྲ་ཐོག་བགྲོ་གླེང་གི་ཉིན་དང་པོའི་ཐོག་ (China’s Politics of Liberation and Non-Compliance: Drawing Parallels from Tibet and Hong Kong) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་དང་། དེ་ཡང་དྲ་ཐོག་བགྲོ་གླེང་དབུ་འཛུགས་གསུང་བཤད་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་ (Rt. Tim Loughton) མཆོག ཨི་ཌ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལུ་སེའོ་མ་ལན་ (Lucio Malan) མཆོག སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ (Nicolas Walder) མཆོག ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སིའི་ (Budapest) རྫོང་དང་པོའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཧྥེ་རན་སི་ (Ference Garencsér) ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཨེཌ་ཝཌ་ཅིན་ (Edward Chin) ལགས་བཅས་ཀྱིས་གསུང་བཤད་གནང་རྒྱུ་ཡིན།
དེ་བཞིན་ཉིན་གཉིས་པའི་དྲ་ཐོག་བགྲོ་གླེང་ཐོག་བོད་དུ་ལོ་ངོ་ ༧༠ རིང་གི་གཉའ་གནོན་དང་གཏོར་བཤིག (70-years of Oppression and Destruction in Tibet) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། བགྲོ་གླེང་ཐོག་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་། ཕྱི་དྲིལ་ལས་བྱེད་འབྲུག་བསྟན་སྐྱིད་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷ་སྒྲོན་ལགས་བཅས་ཀྱིས་གསུང་བཤད་གནང་རྒྱུ་དང་། དེ་བཞིན་ཉིན་གསུམ་པའི་དྲ་ཐོག་བགྲོ་གླེང་ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་ལོ་ངོ་ ༧༠ འཁོར་བ་ (70-years of Human Rights Violations in Tibet) ཞེས་པའི་བརྗོད་གཞིའི་ཐོག་ཡུ་རོབ་ཁུལ་གྱི་གཞུང་ཞབས་མི་སྣ་ཁག་གཅིག་དང་བགྲོ་གླེང་གནང་རྒྱུ་ཡིན། སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་རྒྱུ་ཡིན།
དྲ་ཐོག་གི་བགྲོ་གླེང་གཟིགས་མཁན་རྣམས་ནས་སུད་སི་སྐུ་ཚབ་དོན་ཁང་གི་ངོ་དེབ་ཀྱི་མཆན་འགོད་ཆ་ཤས་བརྒྱུད་དྲི་བ་གཏོང་གནང་ཡོང་བ་ཞུ་བཅས། །