༄༅། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་ལ་ཁོང་དང་ཁོང་གི་ནང་མི་ལྷན་རྒྱས་དང་བྱ་བྲལ་རིན་པོ་ཆེ་བཅས་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༦ འཁོར་བའི་དུས་མཚམས་འདིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ཚེས་ ༡༧ རེས་གཟའ་ཟླ་བ་ཉིན་གྱི་ཕྱི་དྲོ་ ༧ ཐོག་དྲ་རྒྱ་བརྒྱུད་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམ་རྗེས་དྲན་སླད། རྐུ་ལ་ཤོར་བའི་བོད་ཀྱི་བྱིས་པ། ཞེས་པའི་དཔེ་དེབ་དབུ་འབྱེད་གནང་འཁེལ་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨཱཎནཏ་ཀུ་མར་ཧཱེག་ཌེ་ (Amant Kumar Hegde) མཆོག གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་བཅས་ནས་གསུང་བཤད་གནང་རྒྱུ་ཡིན་པ་དང་ལས་རིམ་འདི་ཉིད་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་ངོ་དེབ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་པ་བཅས། །