༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༩ རེས་གཟའ་སྤེན་པ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༦ པའི་བཀའ་ཤག་གིས་རྒྱ་བལ་གཉིས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ལས་དོན་སྤེལ་ཕྱོགས་དང་། དགོས་ངེས་མཐུན་རྐྱེན་སྦྱོར་སྤྲོད་སོགས་ཀྱི་སྐོར་གསུང་དོན། དེ་རིང་སྐབས་ ༡༦ པའི་བཀའ་ཤག་གིས་རྒྱ་གར་དང་བལ་ཡུལ་ནང་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་མཐུན་རྐྱེན་སྦྱོར་སྤྲོད་བྱེད་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་ཞུ་རྒྱུ་ཡིན།
ད་ཆ་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྟབས། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དབུས་ཀྱི་ཛ་དྲག་ཚོགས་ཆུང་གི་ཚོགས་གཙོ་ཆགས་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་ ༡༦ པའི་སྲིད་སྐྱོང་གི་དམ་འབུལ་ཞུས་པའི་སྐབས་མཚམས་འདིར་རྒྱ་གར་དང་བལ་ཡུལ་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཚབས་ཆེར་འཕེལ་བཞིན་པ་དང་། ལྷག་པར་བོད་མིའི་འདུས་སྡོད་ས་གནས་ཁག་གི་ནང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་ཚང་མས་མཁྱེན་གསལ་ལྟར། དམ་འབུལ་ཞུས་འཕྲལ་འཛིན་སྐྱོང་གི་ལས་དོན་དང་པོ་ཉིན་དེའི་ཉིན་རྒྱབ་དབུས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ལྷན་དང་། དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དང་རྡ་ས་བདེ་ལེགས་སྨན་ཁང་གི་འགན་འཛིན་བཅས་དང་ལྷན་དུ་ད་བར་གྱི་ལས་དོན་བྱེད་ཕྱོགས་ཐད་རྒྱུས་ལོན་ཞུས་ཐོག་ཁ་སང་ཕྱི་ཚེས་ ༢༨ ཉིན་རྡ་སའི་ཁུལ་དུ་ཏོག་དབྱིབས་ཀྱིས་མནར་བཞིན་པའི་ནད་པ་ཁག་དང་དེའི་ཐོག་ལས་དོན་བྱེད་པོ་རྣམས་དང་ཐུག་འཕྲད་ཀྱིས་དངོས་ཡོད་གནས་སྟངས་ཞིབ་མཇུག་ཞུས་འབྲས་སུ་འཛིན་སྐྱོང་གི་ངོས་ནས་དབུས་སའི་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་གི་སྒྲོམ་གཞིར་དགོས་ངེས་འགྱུར་བཅོས་ཇི་མཆིས་དང་། སླད་ཕྱིན་ལས་དོན་བྱེད་ཕྱོགས་དང་མཐུན་རྐྱེན་སྦྱོར་ཕྱོགས་ཀྱི་ལམ་སྟོན་གསར་པ་ཞིག་སྤེལ་རྒྱུའི་ཐག་གཅོད་བྱུང་བ་ལྟར་དབུས་དང་ས་གནས་ཀྱི་ལས་བྱེད་རྣམ་པ་དང་མང་ཚོགས་ཡོངས་ནས་གསལ་བསྒྲགས་འདི་དང་། དབུས་ཀྱི་ནད་ཡམས་ཛ་དྲག་ཚོགས་ཆུང་གི་ལམ་སྟོན་གཞིར་བཟུང་ལག་བསྟར་ངེས་གནང་ཡོང་བ་ཞུ།
ཀ། ད་ལྟའི་བར་གྱི་བྱུང་རིམ།
དང་པོ། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ ཉིན་ཚོགས་མི་ཉི་ཤུ་ལས་གྲུབ་པའི་ལས་དོན་ཚོགས་ཆུང་བཙུགས་པའི་ནང་འཕྲོད་བསྟེན་བཀའ་བློན་མཆོག་དང་། སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས། སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དྲུང་འཕར། ཟུང་དྲུང་། དྲུང་གཞོན་བཞི། དྲུང་ལས་གསུམ། དེའི་སྟེང་དབུས་བོད་ཀྱི་སྨན་རྩིས་ཁང་དང་རྡ་ས་བདེ་ལེགས་སྨན་ཁང་ནས་སྨན་པ་གསུམ་རེ་བཅས་ཚོགས་མི་ཉི་ཤུ་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་གནང་འདུག
གཉིས་པ། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ ཉིན་དཔལ་ལྡན་བཀའ་ཤག་ནས་བཀའ་ཕེབས་པ་གཞིར་བཟུང་ལྷན་ཁང་ཁག་གི་དྲུང་ཆེ་ལས་གྲུབ་པའི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་ཟུར་བཙུགས་གནང་འདུག
གསུམ་པ། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ ཉིན་ཛ་དྲག་ཚོགས་ཆུང་གི་ཚོགས་འདུ་དང་པོ་ཚོགས་ཏེ་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༥ བར་ཚོགས་འདུ་ཐེངས་ ༧ ཚོགས་གནང་ཡོད་འདུག
བཞི་པ། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༢ ཉིན་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཛ་དྲག་ཚོགས་ཆུང་གི་ཚོགས་འདུ་ཚོགས་པ་ལས་བསྐྱར་དུ་འཕྲོད་བསྟེན་བཀའ་བློན་མཆོག་དབུ་བཞུགས་ཐོག་འཛོམས་མི་དགོས་པའི་ཐག་གཅོད་གནང་འདུག
ལྔ་པ། ཕྱི་ལོ་ ༢༠༢༠ ཟླ་ ༥ ནས་ ༩ བར་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྔོན་འགོག་ལམ་སྟོན་ཇི་ཡོད་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནང་འདུག
དྲུག་པ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༥ ནས་སྲིད་སྐྱོང་གསར་པ་དམ་འབུལ་མ་ཞུས་བར་དུ་བཀའ་ཤག་རང་ནས་ཐུགས་འགན་བཞེས་པའི་ཐོག་ནས་ལམ་སྟོན་གནང་འདུག་པ་དེ་དག་ད་བར་གྱི་བྱུང་རིམ་རེད།
ཁ། ད་ལྟའི་གནས་སྐབས་སུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་པ་རྣམས་ཀྱི་གནས་སྟངས་གང་ཆགས་ཡོད་པ་ཁྱོན་ཡོངས་ནས་ཞུ་པ་ཡིན་ན། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་གནས་ཚུལ་བཏང་གནང་བར་གཞིག་ན། རྒྱ་གར་དང་བལ་ཡུལ་ནང་ད་བར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་བ་མི་གྲངས་ ༤༤༤༥ བྱུང་ཡོད་པའི་ཁོངས་ནས་དྲག་སྐྱེད་བྱུང་བ་མི་གྲངས་ ༢༩༨༣ དང་འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༡༤ བྱུང་བ་ཕུད་ད་ལྟ་ནད་མནར་བཞིན་པ་མི་གྲངས་ ༡༣༤༨ ཆགས་འདུག འདི་དག་གཞུང་འབྲེལ་གྲངས་ཐོ་ཡོད་པ་ཁག་རེད།
གྲངས་ཐོ་ནང་མེད་པ་དང་མ་ཚུད་པ་དེ་འདྲ་ཏན་ཏན་ཡོད་སྲིད་པ་རེད། དེར་བརྟེན་ཞོར་དུ་འབོད་སྐུལ་ཞུ་རྒྱུར་གལ་ཏེ་བོད་མི་ནང་ཁུལ་ལ་ནད་རྟགས་རིགས་ཡོད་ན་ངེས་པར་དུ་བརྟག་དཔྱད་གནང་སྟེ་ཁུངས་སོ་སོར་སྨན་བཅོས་སླད་ཕེབས་དགོས་ཀྱི་འདུག
ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཐོག་ནས་རོགས་དངུལ་དང་འགྲོ་གྲོན་ཇི་ཙམ་བཏང་ཡོད་མེད་ཐད། སྔ་ལོར་ཏོག་དབྱིབས་གཉན་རིམས་ཐོག་མར་བྱུང་བ་ནས་བཟུང་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ བར་བལ་ཡུལ་ནང་རོགས་དངུལ་བྱུང་བ་སྒོར་འབུམ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་དང་ལྔ་ཁྲི་ཉིས་སྟོང་བརྒྱ་མེད་བདུན་ཅུ་དོན་བཞི་བྱུང་ཡོད་པའི་ཁོངས་ནས་འགྲོ་གྲོན་བཏང་བ་སྒོར་འབུམ་བརྒྱ་དང་བདུན་ཅུ་དོན་གཉིས་དང་བདུན་ཁྲི་བཞི་སྟོང་བརྒྱ་མེད་བཞི་བཅུ་ཞེ་བཞི་ཐམ་པ་ཕྱིན་ཡོད། ལྷག་འཕྲོ་འབུམ་ལྔ་བཅུ་ང་གཉིས་དང་བདུན་ཁྲི་བརྒྱད་སྟོང་བརྒྱ་མེད་སུམ་ཅུ་ཐམ་པ་འདུག་ཅེས་ཞུ་རྒྱུ་ཡིན།
རྒྱ་གར་ནང་རོགས་དངུལ་བྱུང་བ་སྒོར་འབུམ་དགུ་བརྒྱ་བཅོ་ལྔ་དང་བདུན་ཁྲི་དགུ་སྟོང་དྲུག་བརྒྱ་བཅུ་བདུན་ཐམ་པ་བྱུང་ཡོད་པ་ནས་འགྲོ་གྲོན་བཏང་ཟིན་པ་སྒོར་འབུམ་དྲུག་བརྒྱ་ལྔ་བཅུ་ང་དྲུག་དང་ཆིག་ཁྲི་ལྔ་སྟོང་བཞི་བརྒྱ་དྲུག་ཅུ་རེ་གཅིག་ཕྱིན་འདུག ལྷག་བསྡད་འབུམ་ཉིས་བརྒྱ་ལྔ་བཅུ་ང་དགུ་དང་དྲུག་ཁྲི་བཞི་སྟོང་བརྒྱ་དང་ལྔ་བཅུ་ལྔ་དྲུག་འདུག རྒྱ་གར་དང་བལ་ཡུལ་ནང་ཏོག་དབྱིབས་གཉན་རིམས་ལ་ཞལ་འདེབས་བྱུང་བ་ཁྱོན་བསྡོམས་སྒོར་འབུམ་ཆིག་སྟོང་བརྒྱ་དང་བཞི་བཅུ་ཞེ་གཅིག་དང་གསུམ་ཁྲི་ཆིག་སྟོང་དྲུག་བརྒྱ་དགུ་བཅུ་གོ་གཅིག་བྱུང་ཡོད་པ་ནས་འགྲོ་གྲོན་སོང་བ་སྒོར་འབུམ་བརྒྱད་བརྒྱ་ཉི་ཤུ་རྩ་བརྒྱད་དང་བརྒྱད་ཁྲི་དགུ་སྟོང་ལྔ་བརྒྱ་ལྔ་ཡིན། ལྷག་བསྡད་སྒོར་འབུམ་སུམ་བརྒྱ་བཅུ་གཉིས་དང་བཞི་ཁྲི་ཉིས་སྟོང་བརྒྱ་དང་བརྒྱད་ཅུ་གྱ་དྲུག་ཆགས་ཀྱི་འདུག
དེ་དག་གི་ནང་ནས་ཨ་རིའི་གཞུང་གི་རོགས་དངུལ་ ( USAID) དང་ (PRM) གཉིས་ནི་རོགས་དངུལ་ཕོན་ཆེ་ཤོས་ཆགས་ཀྱི་ཡོད། ད་ལྟ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས། བོད་ཀྱི་ཐེབས་རྩ་བརྒྱུད་ལྷན་ཁང་གཞན་གྱི་ནང་ཏོག་དབྱིབས་གཉན་རིམས་སྐབས་ལག་བསྟར་མ་ཐུབ་པའི་ལས་གཞི་ཁག་གི་དངུལ་ལྷག་རྣམས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་ཐོག་ག་བསྒྱུར་བྱེད་རྒྱུའི་གནས་སྟངས་ཡོད་མེད་སོགས་ཀྱི་ཐད་བོད་ཀྱི་ཐེབས་རྩའི་འབྲེལ་ཡོད་ལས་བྱེད་དང་གྲོས་བསྡུར་གནང་དང་གནང་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་ནས་འབྱུང་འགྱུར་ཟླ་བ་བཅུ་གཉིས་ནང་འགྲོ་གྲོན་ཧིན་སྒོར་ ༡༠༥,༩༣༡,༧༩༥ ཆོད་དཔག་གནང་བཞིན་འདུག ཅེས་སོགས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ད་ལྟའི་དུས་སུ་དབུས་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་བསྐྱར་སྒྲིག་གིས་ཚོགས་ཆུང་གི་སློབ་སྟོན་པ་གཉིས་དང་ཚོགས་མི་བདུན་ཡོད་པ་དེ་དག་ནི། སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། དབུས་བོད་ཀྱི་སྨན་རྩིས་ཁང་གི་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་ལགས་རྣམ་གཉིས་སྔར་ལྟར་སློབ་སྟོན་གནང་མུས་ཐོག་ཚོགས་ཆུང་གི་ཚོགས་མི་བདུན་ནི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས། སྨན་རྩིས་ཁང་གི་སྨན་པ་རིག་འཛིན་བཟང་མོ་ལགས། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་གཏན་འཁེལ་ཡོད་པས་དེ་རིང་ནས་བཟུང་ཁོང་རྣམ་པས་འགན་བཞེས་གནང་གི་རེད།
བཀའ་ཤག་གིས་གསལ་བསྒྲགས་འདི་ཞུས་པ་ནས་བཟུང་རྒྱ་གར་དང་བལ་ཡུལ་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ལས་དོན་བྱེད་སྒོ་གང་ཡོད་ནའང་ལམ་སྟོན་དང་བཀོད་ཁྱབ་སོགས་ཀྱི་འགན་དབང་ཡོངས་རྫོགས་དཔལ་ལྡན་དོན་གྲུབ་ལགས་ཀྱི་སྣེ་ཁྲིད་པའི་ཚོགས་ཆུང་ལ་བསྐུར་བ་ནང་ལྟར་ཚང་མས་བརྩི་བཀུར་ཞུ་དགོས་ཀྱི་རེད།
བར་སྐབས་ནས་ས་གནས་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་མེད་པར་ཆགས་པ་དང་། ནུས་པ་དེ་ཙམ་མེད་པ། འགའ་ཤས་ཕྱག་ལས་ཡག་ཐག་གཅོད་གནང་བཞིན་པ་དེ་འདྲ་ཡོང་བཞིན་ཡོད་འདུག དེར་བརྟེན་ཛ་དྲག་ཚོགས་ཆུང་མེད་སར་བསྐྱར་གསོ་གནང་དགོས་པ་དང་། ཡོད་བཞིན་པ་དེ་དག་གི་ནང་བསྐྱར་སྒྲིག་གནང་རྒྱུ་དང་། བསྐྱར་སྒྲིག་གནང་བའི་ནང་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྐུ་ཚབ་གཅིག་དང་། ཡན་ལག་སྨན་རྩིས་ཁང་གི་སྐུ་ཚབ་གཅིག་ངེས་པར་དུ་དགོས་རྒྱུ་གལ་ཆེན་པོ་རེད་འདུག
གཞན་ཡང་ས་གནས་ཀྱི་གནས་སྟངས་དང་དགོས་མཁོ་དང་འཚམས་མ་འཚམས་དབུས་ཀྱི་ཛ་དྲག་ཚོགས་ཆུང་ནས་ལམ་སྟོན་ཕེབས་པ་ལྟར་གནང་དགོས་ཀྱི་རེད། ས་གནས་ཀྱི་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་ལ་བསྐྱར་གསོ་དང་བསྐྱར་སྒྲིག་གང་དགོས་དབུས་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་གི་བཀོད་ཁྱབ་དགོངས་དོན་གནང་དགོས་ཀྱི་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་། རྫོང་བཅས་ནས་བཀོད་ཁྱབ་གང་ཕེབས་པ་ཡིན་ནའང་དེ་དག་ལག་བསྟར་འཚེམས་ལུས་མེད་པ་གནང་དགོས་ཀྱི་རེད།
ནང་སྲིད་ལས་ཁུངས་དང་ཤེས་རིག་ལས་ཁུངས་ནས་སོ་སོའི་ཁྱབ་ཁོངས་སུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་ནས་ཐད་ཀར་ལམ་སྟོན་གང་ཕེབས་པ་ཁག་ལ་བརྩི་སྲུང་བྱེད་དགོས། བཀའ་ཤག་སྐབས་ ༡༦ པས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དང་པོ་བྱེད་དགོས་པ་ཞིག་ནི། འཛིན་སྐྱོང་གི་ངོས་ནས་ཏོག་དབྱིབས་སྔོན་འགོག་སླད་བོད་མི་གང་མང་མང་ལ་སྔོན་འགོག་ཁབ་རྒྱག་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། ད་ལྟའི་དུས་སུ་སྔོན་འགོག་སྨན་ཁབ་རགས་རྒྱུར་རང་བཞིན་གྱིས་དཀའ་ངལ་ཞིག་ཆགས་ཡོད། དངུལ་ཡོད་ཀྱང་ཁབ་ཉོ་རྒྱུ་མེད་པའི་གནས་སྟངས་ཆགས་ཡོད། དེ་དག་གི་ཐོག་རྒྱ་གར་དབུས་གཞུང་ལ་འབྲེལ་བ་དང་ཆོག་མཆན་ཞུ་དགོས་རྒྱུ། སྨན་བཟོ་ས་ནས་སྔོན་འགོག་སྨན་ཁབ་ཐད་ཀར་ཉོ་ཐུབ་མིན་སོགས་ཀྱི་གནས་སྟངས་ལ་ཛ་དྲག་ཚོགས་ཆུང་ནས་གཟིགས་ཞིབ་གནང་གི་རེད།
ས་གནས་འགོ་འཛིན་ལས་ཁུངས་ཁག་སོ་སོ་དང་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགོ་ལས་སོ་སོའི་འབྲེལ་བའི་ཐོག་ནས་གོ་སྐབས་གང་ཡོད་པ་ཡིན་ནའང་དཔལ་འབྱོར་ལ་འཛེམས་མི་དགོས་པའི་ཐོག་ནས་ཁབ་རྒྱག་རྒྱུའི་མཐུན་རྐྱེན་སྦྱོར་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དབུས་ཛ་དྲག་ཚོགས་ཆུང་ནས་ཁབ་ཉོ་རྒྱུའི་མཐུན་རྐྱེན་མ་བྱུང་བར་དུ་སྔོན་འགོག་སྨན་ཁབ་སླད་ཐོ་འགོད་བྱེད་མི་ཤེས་མཁན་སོགས་ལ་དམིགས་ཏེ་ངེས་པར་དུ་ཐོ་འགོད་བྱེད་མི་བསྐོ་བཞག་གནང་དགོས་པ་དང་། གཞིས་ཁོངས་སུ་འགོག་ཁབ་བརྒྱབ་མི་ཐུབ་ཚེ་ས་གནས་གཞན་དུ་མཐུན་རྐྱེན་ཡོད་ན་ངེས་པར་དུ་བརྒྱབ་དགོས། ཞིབ་ཕྲའི་བཀོད་ཁྱབ་དབུས་ཛ་དྲག་ཚོགས་ཆུང་ནས་ཕེབས་ཀྱི་རེད།
ནད་པ་རྣམས་ལ་སྨན་བཅོས་དང་ལྟ་སྐྱོང་གི་མཐུན་རྐྱེན་གང་ཐུབ་ཞུ་རྒྱུ་ཡིན། ད་ཆ་ནད་པ་མང་ཤོས་རྡ་ས་ཆགས་ཀྱི་འདུག དེ་བཞིན་བདེ་སྐྱིད་གླིང་དང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཅིག་གི་ནང་སླེབ་ཀྱི་ཡོད། འོན་ཀྱང་ད་ལྟའི་ཆར་ནད་པ་ཕྲན་བུ་ཆེ་ཉུང་དུ་འགྲོ་བཞིན་ཡོད་འདུག་ནའང་ནད་རླབས་གསུམ་པ་ཞིག་ཡོང་རྒྱུ་ཡིན་པའི་སྐད་ཆ་ཞིག་ཡོང་བཞིན་ཡོད་སྟབས། དེའི་ཐད་སྔོན་ཚུད་ནས་གྲ་སྒྲིག་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སྐབས་དེ་དུས་ལོ་ཆུང་བ་མང་པོ་ཞིག་ལ་འགོས་ཁྱབ་ཡོང་སྲིད་པ་རེད་ཅེས་ཆོད་དཔག་གནང་བཞིན་ཡོད།
ད་བར་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་གྲངས་ཐོ་ཛ་དྲག་ཚོགས་ཆུང་ལ་ཕལ་ཆེར་འདུག འོན་ཀྱང་རང་ཉིད་ཀྱིས་དེབ་སྐྱེལ་བྱས་ནས་ཁབ་བརྒྱབ་སྟེ་ས་གནས་འགོ་འཛིན་ལ་གྲངས་ཐོ་མེད་པའང་ཡོད་འདུག་པས་མི་མང་ནས་འགན་བཞེས་ཏེ་ས་གནས་འགོ་འཛིན་ལ་སྔོན་འགོག་ཁབ་བརྒྱབ་ཟིན་པ་ཡིན་ཞེས་ལན་འབུལ་བ་ཡིན་ན། གྲངས་ཐོ་བསྡུ་རུབ་སླད་ཕན་ཐོགས་ཀྱི་ཡོད། ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་སྟོང་ཕྲག་བཅུ་བདུན་ལྷག་ཙམ་འདུག
འཛིན་སྐྱོང་གི་ངོས་ནས་ནད་པར་སྨན་བཅོས་སླད་དབུགས་གསབ་ཡོ་ཆས་དང་། སྲོག་འཛིན་རླུང་། ཚ་ཚད་འཇལ་ཆས་སོགས་སྨན་བཅོས་ཀྱི་མཁོ་ཆས་རིགས་མ་འདང་བའི་རྐྱེན་གྱིས་མི་ཞིག་འདས་གྲོངས་སུ་ཕྱིན་པའི་གནས་སྟངས་ཤིག་མི་འབྱུང་བའི་འབད་བརྩོན་ཞུ་རྒྱུ་དང་། ནད་པ་མང་སར་མཐུན་རྐྱེན་གང་སྦྱོར་དགོས་ཀྱི་ཡོད་ནའང་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་ཞུ་རྒྱུ་ཡིན། དེ་བཞིན་རང་རེའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་བྱས་ཏེ་ཉིན་རེའི་འཚོ་བར་དཀའ་ངལ་འཕྲད་བཞིན་པ་དག་ལ་ནང་སྲིད་ལས་ཁུངས་ནས་ལྟ་རྟོགས་གནང་དགོས། དབུས་ཛ་དྲག་ཏོག་དབྱིབས་ཚོགས་ཆུང་ནས་ད་བར་སྔོན་འགོག་ཁབ་བརྒྱབ་ཟིན་པའི་གྲངས་ཐོ་ཚད་ལྡན་བདག་ཉར་ཐོག་བོད་མི་འདུས་སྡོད་ས་གནས་ཁག་སོ་སོར་སྨན་ཁབ་རྒྱག་བསྡད་ཀྱི་གྲངས་ཐོ་བསྡུ་རུབ་སླད་བཀོད་ཁྱབ་གནང་དགོས།
ས་གནས་འགོ་འཛིན་ལས་ཁུངས་སོ་སོའི་ནང་ལས་བྱེད་གཅིག་ཆེད་དམིགས་བསྐོ་གཞག་གནང་སྟེ་ས་གནས་ཀྱི་ཉིན་རེའི་གནས་སྟངས་ཇི་ཆགས་དབུས་ཛ་དྲག་ཚོགས་ཆུང་ལ་ཉིན་རེ་བཞིན་ཐོ་འབུལ་རྒྱུ་སོགས་ཀྱི་འབྲེལ་བ་ཞུ་དགོས། ཕྱི་ལོ་ ༢༠༢༠ ལོ་འགོ་ནས་ད་བར་ཚོགས་པ་དང་སྒྲིག་འཛུགས། བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་བཅས་ནས་དཔལ་འབྱོར་འདུ་འགོད་གནང་འདུག་ཅིང་། དེའི་ཐོག་ཚོགས་སྒེར་སོ་སོས་བོད་མིའི་སྤྱི་ཚོགས་ནང་ནས་ཞལ་འདེབས་བསྡུ་རུབ་དང་བགོ་འགྲེམས་གནང་བ་བྱུང་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱིས་སྣེ་ཁྲིད་དེ་མུ་མཐུད་གཞུང་དང་ཚོགས་པ་ཁག་ནས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཔལ་འབྱོར་བསྡུ་རུབ་ཀྱི་ལས་གཞི་མཇུག་སྐྱོང་དང་། མང་ཚོགས་ནས་ཞལ་འདེབས་འབུལ་འདོད་ཡོད་ཚེ་ས་གནས་འགོ་འཛིན་ལས་ཁུངས་དང་སྐུ་ཚབ་དོན་གཅོད་སོ་སོའི་ཁྱབ་ཁོངས་བོད་རིགས་ཚོགས་པའམ་བོད་རིགས་སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ལ་ནང་སྲིད་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་ནས་བཀོད་ཁྱབ་གཏོང་གནང་གི་རེད། བཀོད་ཁྱབ་གཞིར་བཟུང་བསྡུ་རུབ་བྱེད་དགོས་ཀྱི་རེད།
གལ་ཏེ་རོགས་དངུལ་འདང་ངེས་མ་བྱུང་ན། ད་ལྟའི་ནད་ཡམས་འདི་ཧ་ཅང་ཛ་དྲག་ཆེན་པོ་དང་། མིའི་འཕྲོད་བསྟེན་དང་སྲོག་ལ་ཉེན་ཁ་ཆགས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་དངུལ་གང་གི་ཐོག་ནས་གཏོང་དགོས་བྱུང་ནའང་། འགྲོ་སོང་གཏོང་བར་ཐེ་ཚོམས་རྩ་བ་ཉིད་ནས་མེད་ཅེས་ཞུ་རྒྱུ་ཡིན། ད་ནས་བཟུང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་སྟངས་ཧ་ཅང་ཛ་དྲག་པོ་རིགས་བྱུང་བ་ཡིན་ན། སྲིད་སྐྱོང་གིས་ཐད་ཀར་མང་ཚོགས་ལ་གནས་ཚུལ་མཁོ་སྤྲོད་དང་གསལ་པོ་བཟོ་རྒྱུ་སོགས་ཀྱི་སླད་བཅར་གྱི་ཡིན། དེ་མིན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འགན་བཞེས་ཀྱི་རེད། ཅེས་སོགས་གསུངས། །