དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་གཉིས་ཀྱི་ལས་དོན་ཆེ་ཁག་བཅུ།
དང་པོ། ཆབ་སྲིད་ཀྱི་འགན་དབང་ཆ་ཚང་ཞུས་ནས་༧གོང་ས་མཆོག་གི་དགོངས་དོན་ལེགས་གྲུབ།
ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་༧གོང་ས་མཆོག་གིས་སྲིད་སྐྱོང་གི་དམ་འབུལ་སྐབས། ༼ ངོས་རང་སྒེར་ལ་ཆ་བཞག་ན་དེ་རིང་གི་ཉིན་མོ་འདི་དངོས་གནས་ངོས་ཀྱི་མི་ཚེའི་ནང༌། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞེས་བརྗོད་པའི་འདོད་དོན་གཅིག་དེ་རིང་དངོས་སུ་གྲུབ་ཐུབ་པ་བྱུང། ༽ ཞེས་བཀའ་བཟང་ཕེབས་པ་ལྟར། ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་ཞུས་ནས་མི་ལོ་བཅུའི་རིང་དཀའ་ངལ་དུ་མ་ལ་གདོང་ལེན་གནང་སྟེ་བོད་ཀྱི་གནད་དོན་རྒྱལ་སྤྱི་ཅན་དུ་སྒྱུར་བར་རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་གསུང་བཤད་དང་བགྲོ་གླེང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་དཔལ་རིག་གསུམ་སྲ་བརྟན་གནས་པར་སྒོ་ཀུན་ནས་འབད་པ་ལྷོད་མེད་ཀྱིས། བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱ་ཞེས་གསུངས་པ་ལྟར་ལས་དོན་གང་ཅིའི་ཐད་དགོངས་དོན་ལེགས་གྲུབ་གནང་ཡོད།
གཉིས་པ། ཤེས་ཡོན་གྱི་ལས་དོན་འབུར་ཐོན།
ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ། མ་སུ་རི་ལ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་གནང། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༣ ཉིན་བོད་ཁྱིམ་སློབ་གྲྭར་༧གོང་ས་མཆོག་གིས། ༼ ཐོག་མའི་ལོ་ཉི་ཤུ་ང་ཚོས་རྐང་པ་འཛུགས་ཐབས་བྱས་པ་དང་དེ་རྗེས་ཀྱི་ལོ་སུམ་ཅུ་མ་ཟིན་ཙམ་རིང་ང་ཚོས་ཡར་རྒྱས་གཏོང་རྒྱུ་དང་། ཚགས་ཚུད་གཏོང་རྒྱུའི་ལས་ཀ་དེ་དག་ཡག་པོ་ཞིག་བྱུང་ཨེ་ཡོད་བསམ་གྱི་འདུག ལས་ཀ་བྱེད་མཁན་གྱིས་མ་འཇོན་པ་རེད་དམ་ཡང་ན་སོ་སོས་མ་ཤེས་པ་ཡིན། སོ་སོས་མ་ཤེས་པ་ཡིན་ན་ཤེས་མཁན་ལ་སྐད་ཆ་འདྲི་དགོས། ༽ ཞེས་གསུངས།
ཕྱི་ལོ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་༧གོང་ས་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་མཆོག་གིས་དམ་འབུལ་སྐབས། ༼ ང་ཚོས་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ལས་དོན་གལ་ཆེ་ཤོས་སུ་བརྩིས་ཏེ་འབྱུང་འགྱུར་ལོ་ཉི་ཤུའི་ནང༌། བཙན་བྱོལ་བོད་མི་ཆིག་འབུམ་ལྷག་གི་ནང་ནས་ཁྱད་ལས་པ་ཆིག་ཁྲི་ཐོན་ཐུབ་པའི་དམིགས་ཚད་བཟུང་རྒྱུ་ཡིན། ༽ ཞེས་བསྒྲགས། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༠ ཉིན་རྒྱ་གར་དབུས་གཞུང་གིས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་འགོ་ཚུགས། རྩིས་ལེན་ཟིན་པའི་སློབ་གྲྭ་ཁག་ལ་དམིགས་བསལ་གྱི་ཆ་རྐྱེན་གསར་སྐྲུན་བྱས་པའི་ནང་། དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ཟབ་སྦྱོང་གོ་སྒྲིག་དང་། ཨིན་བོད་གཉིས་ཀྱི་བྱིས་སྒྲུང་བགོ་འགྲེམས། ཨིན་བོད་གཉིས་ཀྱི་སྐད་ཡིག་རྨང་གཞི་སྲ་བརྟན་དང་། ཕྲུ་གུར་དཔེ་ཀློག་གི་གོམས་གཤིས་བསྐྲུན་རྒྱུར་ཕ་མས་མིག་དཔེ་སྟོན་ཐབས། དཔེ་མཛོད་ཁག་ནང་དཔེ་དེབ་ཀྱི་གྲངས་དང་སྤུས་ཚད་གཉིས་ཀ་ཡར་རྒྱས། ༼ དཔེ་ཀློག་གི་དུས་ཚོད། ༽ ཅེས་པའི་ལས་འཆར་གསར་སྤེལ། ཚན་རིག་དང་། ཨང་རྩིས། རྩོམ་རིག ཁོར་ཡུག་ཤེས་བྱ་སོགས་ཀྱི་ཤེས་ཚད་གོང་མཐོར་གཏོང་ཐབས་ཆེད་ (Engage Learning) ཞེས་པ་འགྲེམས་སྤེལ་བྱས་པ་བཅས་ལ་བརྟེན་ནས། སྔོན་དུས་དང་བསྡུར་ན་ཡར་རྒྱས་ཕྱིན་པ་ཤེས་རིག་ལས་ཁུངས་དང་ཁྱིམ་ཚང་གི་ཕ་མ་བཅས་ཀྱིས་ངོས་ལེན་བྱེད་བཞིན་ཡོད། རྩིས་ལེན་གྱི་འཛིན་ཁང་དང་ཚོགས་ཁང། གསང་སྤྱོད། ལས་ཤག་བཅས་ཧ་ཅང་ཞན་པོ་ཡོད་འདུག་པ་རྣམས། ཉམས་གསོ་དང་མཐུན་རྐྱེན་གསར་སྐྲུན། གཞི་རིམ་གོང་མའི་ནང་འཕྲུལ་ཆས་སློབ་ཁྲིད་བྱ་ཆེད་སྤང་ཐོག་གློག་ཀླད་དང། བརྙན་སྟོན་འཕྲུལ་ཆས། ཕྲུ་གུའི་སྲུང་སྐྱོབ་ཆེད་སྦས་ལམ་བརྙན་འཕྲིན་ (CCTV) བཅས་གསར་འཛུགས། བོད་མིའི་ཁྱད་ནོར་རྒྱུད་ལ་འཇགས་ཐབས་སུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སོགས་དང་འབྲེལ་བའི་ལས་རིམ། བོད་རིགས་དགེ་རྒན་དྲག་གྲས་འདེམས་སྒྲུག་གིས་བསྐོ་གཞག་གནང་།
ཕྱི་ལོ་ ༢༠༡༢ ལོར་སྲིད་སྐྱོང་སློབ་ཡོན་དང་སྲིད་སྐྱོང་གཟེངས་བསྟོད། གཟེངས་རྟགས་སོགས་འབུམ་རམས་པ་ཐོན་མཁན་དང་ཁྱད་ལས་པའི་རིགས་ལ་བྱ་དགའ་གསོལ་རས་སོགས་གནང་ནས་སྤྱི་ཚོགས་ཁྲོད་དུ་ན་གཞོན་ཚོར་སློབ་སྦྱོང་ཚད་གཞི་མཐོ་འདེགས་ལ་ཤུགས་སྣོན་བརྒྱབ། ཕྱི་ལོ་ ༢༠༡༡ ལོར་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་མཁན་སློབ་ཁག་ ༢༢ མ་གཏོགས་མེད་ཀྱང་། དེང་སྐབས་བོད་པའི་སློབ་གྲྭ་ཁག་ ༤༩ ནང་ལག་བསྟར་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༡༢ ནས་བོད་མིའིི་སྒྲིག་འཛུགས་ཀྱིས་ལོ་རེའི་སྔོན་རྩིས་ཀྱི་འགྲོ་གྲོན་མང་ཤོས་ཤེས་ཡོན་ཐོག་ལ་བཏང་།
དེ་ཡང་ཕྱི་ལོ་ ༢༠༡༡ ལོ་འཁོར་གཅིག་ནང་ཤེས་ཡོན་དང་འབྲེལ་བའི་ལས་དོན་ལ་འགྲོ་གྲོན་ཧིན་སྒོར་ས་ཡ་ ༡༩༨ བཏང་པ་དང་། ཕྱི་ལོ་ ༢༠༡༩ ནང་ལོ་འཁོར་གཅིག་ནང་ཤེས་ཡོན་དང་འབྲེལ་བའི་ལས་དོན་ལ་འགྲོ་གྲོན་ཧིན་སྒོར་ས་ཡ་ ༥༣༨ བཏང་ཡོད། བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་ཀྱི་ཚད་གཞི་འཛིན་ས་གཅིག་ནི། ཕྱི་ལོ་ ༢༠༡༡ ལོར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༧་༧༢ ཡིན་པ་དང་། ཕྱི་ལོ་ ༢༠༡༩ ལོར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༧་༠༨ ཆགས་ཡོད། ཕྱི་ལོ་ ༢༠༡༡ ལོར་མཐོ་སློབ་འགྲིམས་མཁན་གྲངས་ ༦༤༠ ལ་སློབ་ཡོན་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ནང་མཐོ་སློབ་འགྲིམས་མཁན་གྲངས་ ༡༡༡༨ ལ་སློབ་ཡོན་ཐོབ་ཡོད། ཕྱི་ལོ་ ༢༠༡༥ ཟླ་ ༦ པར་རྡ་སྟེང་བོད་ཁྱིམ་དུ་གོང་ས་མཆོག་གིས། ༼ འདས་པའི་ལོ་མང་པོའི་རིང་ཤེས་ཡོན་འཐུས་ཤོར་སོང་ཡོད་ཀྱང་། དེང་སྐབས་ཡར་རྒྱས་འགྲོ་གི་འདུག་པས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚོས་ཧུར་ཐག་བྱོས། ༽ ཞེས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་བཟང་ཕེབས།
ཕྱི་ལོ་ ༢༠༢༠ སྲིད་སྐྱོང་སློབ་ཡོན་གྱི་བྱ་དགའ་ཐོབ་མཁན་ ༡༩ བྱུང་ཡོད་པ་ནས་མ་སུ་རིའི་སློབ་མ་བསོད་ནམས་སྟོབས་རྒྱལ་ལ་བརྒྱ་ཆའི་ ༩༨.༦ ཐོབ། ལོ་དེའི་ཟླ་ ༧ ཚེས་ ༡༤ ཉིན་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས། འདས་པའི་དུས་ཚོད་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བརྒྱ་ཆ་ ༩༥ ལོན་མཁན་ཕལ་ཆེར་སློབ་ཕྲུག་གཅིག་ཀྱང་བྱུང་མེད་སྟབས། སྲིད་སྐྱོང་སློབ་ཡོན་ལ་བརྒྱ་ཆ་ ༩༥ ལོན་དགོས་པ་གཏན་འབེབས་བྱས་དུས། ཤེལ་སྒོའི་ནང་གི་མོག་མོག་རེད་ཅེས་སྤྱི་ཚོགས་ཁྲོད་དུ་བཤད་པ་རེད་ལ། ཐོབ་རྒྱུ་ཡོད་མ་རེད་ཅེས་བརྗོད་མཁན་ཡང་བྱུང་ཡོད། འོན་ཀྱང་ང་ཚོས་ཤེས་ཡོན་ཡར་རྒྱས་གཏོང་བར་མཛུབ་མོ་ལྔ་ལ་རག་ལས་ཀྱི་ཡོད་ཅེས་བརྗོད་དེ་འབད་བརྩོན་རིམ་པར་བྱས་པ་རེད། དེ་ཡང་བོད་མིའི་སྒྲིག་འཛུགས་དང་སློབ་གྲྭའི་འཛིན་སྐྱོང་། དགེ་རྒན་དང་སློབ་མ། ཕ་མ་བཅས་ནི་ཤེས་ཡོན་ཡར་རྒྱས་གཏོང་བར་མེད་དུ་མི་རུང་བའི་མཛུབ་མོ་ལྔ་དེ་རེད། ཅེས་གསུངས།
གསུམ་པ། སྲིད་གཞུང་ཁག་གིས་བོད་དོན་ཐོག་ཁྲིམས་གཞི་གཏན་འབེབས།
ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་རྒྱ་གར་དུ་འབྱོར་ནས་ཡུན་རིང་མ་སོང་བར། རྒྱ་གར་དབུས་དང་མངའ་སྡེ་ཁག་གིས་བོད་མི་ཚོ་འདུས་སྡོད་ཀྱི་ས་ཆ་གནང་བའི་ནང་། རྒྱ་ཆེ་བ་ལྷོ་ཕྱོགས་དང་བྱང་ཤར་གསུམ། དབུས་ཀྱི་གཞིས་ཆགས་ཨོ་རི་ས་དང་མན་སྤར་གཞིས་ཆགས་སོགས་ཡིན། མངའ་སྡེ་ཁག་གིས་བོད་མི་ཚོར་ས་ཆ་བོགས་མ་སྤྲད་པའི་གན་རྒྱའི་ཡིག་ཆ་གཅིག་མཚུངས་མེད་པ་དང་། ལོ་དུས་ཇི་ཙམ་རིང་བེད་སྤྱོད་ཆོག་མིན་དང་གན་ཡིག་ཕར་འགྱངས་ཀྱི་ལོ་དུས་མི་འདྲ་བ། མངའ་སྡེ་རེ་ཟུང་གིས་གན་ཡིག་ཕར་འགྱངས་ལ་ཆོག་མཆན་མ་སྤྲད་པ་སོགས། བཏང་སྙོམས་མིན་པའི་དཀའ་ངལ་རིམ་པར་འཕྲད། ད་དུང་ས་ཆ་མང་པོ་ཞིག་རྒྱ་གར་ཤིང་ནགས་སྡེ་ཚན་གྱི་ཁོངས་སུ་གཏོགས་པས། ཤིང་ནགས་ཀྱི་ཁྲིམས་གཞི་དམ་དུ་བཏང་དུས་བོད་པ་ལ་ས་ཆའི་བདག་དབང་དང་ས་ཐོ་ལག་འཛིན་ཁྲིམས་མཐུན་མེད་པ། ས་ཆ་ཡོད་པ་དེའང་སོ་ནམ་ཞིང་ལས་ལ་མ་གཏོགས་བེད་སྤྱོད་གཏོང་མི་ཆོག་པ། ས་ཆའི་དཀའ་ངལ་སོགས་འཕྲད་དུས་ཁྲིམས་མཐུན་རང་བཞིན་གྱི་ཞུ་གཏུགས་བྱ་ས་མེད་པ་སོགས། དཀའ་ངལ་དེ་དག་སེལ་ཐབས་སུ་སྐབས་མཚམས་སོ་སོར་ཐབས་ཤེས་བཙལ་བ་ལས་སྲ་བརྟན་རང་བཞིན་གྱིས་ཐབས་ལམ་བཙལ་ཐུབ་མེད། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཞུ་དོན་བཞིན། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ <<The Tibetan Rehabilitation Policy-2014>>ཞེས་པ། ཁྲིམས་ལུགས་ཀྱི་དབང་ཚད་ལྡན་པའི་གལ་ཆེའི་སྲིད་བྱུས་དེ་གཏན་ལ་ཕབ། སྲིད་བྱུས་དེའི་ནང་དབུས་དང་མངའ་སྡེ་གཉིས་ཀས་བོད་མི་ཚོར་ས་ཆའི་བདག་དབང་དང་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་གཏན་འབེབས་བྱས་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་། “བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༢༠ ” (Tibetan Policy and Support Act of 2020) ཞེས་གཏན་འབེབས་གནང་བར་སྲིད་འཛིན་གྱིས་མཚན་རྟགས་བཀོད། དེའི་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དང་བོད་རྒྱ་གྲོས་མོལ་ཙམ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་དང་མིང་དོན་མཚུངས་པའི་རང་སྐྱོང་དགོས་སྐོར། ལྷ་སར་ཨ་རིའི་གཞུང་ཚབ་ཁང་གི་ཡན་ལག་འཛུགས་དགོས་པ། གལ་ཏེ་འཛུགས་མ་ཐུབ་པའམ་ཡང་ན་བཙུགས་མ་བཅུག་ན། ཨ་རིའི་ནང་རྒྱ་ནག་གཞུང་ཚབ་ཡན་ལག་འཛུགས་མི་ཆོག་པ། བོད་ནང་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་ཚོང་ལས་འཛུགས་སྐྲུན་ཐད། རྒྱལ་ཚོགས་ཀྱིས་ཚོང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལམ་སྟོན་གནང་བ་ཁག་ལ་སྲུང་བརྩི་ཞུ་དགོས་པ། བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ། གོང་ས་མཆོག་གི་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མིས་ཐག་གཅོད་བྱ་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་མི་ཆོག་པ། ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དམ་དྲག་བཀའ་ཆད་ལྕི་མོ་གཅོད་རྒྱུ། བོད་མིིའི་སྒྲིག་འཛུགས་ནི་འཛམ་གླིང་སྟེང་ཁ་འཐོར་དུ་གནས་པའི་བོད་མི་ཚོའི་སྐུ་ཚབ་མཚོན་གྱི་ཡོད་པ། སྲིད་སྐྱོང་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་འཁྲིད་ (President) ཡིན་པ། རྒྱ་བལ་གཉིས་ནང་ཡོད་པའི་བོད་མི་ཚོར་ལོ་ལྔའི་རིང་ལོ་རེར་ཨ་སྒོར་ས་ཡ་དགུ་ལས་མི་ཉུང་བ་གནང་རྒྱུ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་བརྙན་འཕྲིན་ཁང་། བོད་ནང་གི་ལས་གཞི། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས། བོད་མིའི་སློབ་ཡོན་ལས་གཞི་སོགས་ཀྱི་ཆེད་དུ་རོགས་དངུལ་གནང་རྒྱུ། བལ་ཡུལ་བརྒྱུད་བོད་ནས་རྒྱ་གར་དུ་ཡོང་མཁན་ཚོར་བལ་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལྟར་ལག་བསྟར་བྱེད་དགོས་པ་བཅས་དེའི་ནང་ཚུད་ཡོད།
ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཞིག་གིས་ཟླ་ ༡༢ ཚེས་ ༢༡ ཉིན་བཏང་བའི་ཡི་གེའི་ནང་། ༼ ཞོགས་པ་བདེ་ལེགས་ཌག་ཀྲོར་སེང་གེ། ཁ་སང་དགོང་མོའི་ལས་དོན་རྣམས་དང་འབྲེལ་ནས་ང་ཚོས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁྲིམས་འཆར་གཞན་དང་མཉམ་དུ་གཏོང་གཏན་འཁེལ་ཡོད་ལ། ཁྲིམས་འཆར་དེ་དག་གྲོས་ཚོགས་གོང་འོག་གཉིས་སུ་འོས་འཕེན་ནས་སྲིད་འཛིན་གྱིས་མཚན་རྟགས་འགོད་དགོས། ཡིན་ནའང་ལས་རོགས་འགའ་དང་མཉམ་ལས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དེ། ཨ་རིའི་ཕྱི་འབྲེལ་གྱི་ཁྲིམས་འཆར་དྲུག་གི་ཁྱབ་ཁོངས་ནས་མཉམ་དུ་གཏོང་ཐུབ་ངེས་ཡིན་པས་ཁྱེད་རང་ནང་མི་ཡོད་སར་ལོག་ཕེབས་ན་འགྲིག་གི་རེད། ཁྲིམས་འཆར་དེར་ཁྱེད་རང་གིས་ཤུགས་སྣོན་བསྐྱོན་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། མ་འོངས་པར་མུ་མཐུད་ནས་ང་ཚོས་ཁྱེད་རང་དང་མཉམ་དུ་དུ་ལས་ཀ་བྱེད་རྒྱུར་རེ་བ་འཆང་ཡོད་པས། དེ་དོན་ཅི་བསམ་འགྲུབ་པའི་རེ་སྨོན་དང་བཅས། ༽ Good morning. Dr. Sangay (As of about midnight last night ,we can confirm that TPSA made it into the omnibus bill. The omni will obviously need to be voted out of the House and Senate and signed by the President, but working with some of our colleagues ,we were able to ensure it was including with 6 other provisions in the foreign policy space. So now you can go home to your family! Thank you for your engagement on the legislation, and we look forward to continuing to work with you in the future. Best regards,) ཞེས་འཁོད་ཡོད།
ཡང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མི་སྣ་དང་མང་གཙོ་ཚོགས་པའི་འཐུས་མི་མེག་ཁལ་ཤིས་ཧྥར་ (Michael Schiffer) ལགས་ཀྱིས་ཕྱི་ཚེས་ ༢༢ ཉིན་བཏང་བའི་ཡི་གེའི་ནང་། ༼ ཁྱེད་རང་གིས་བྱ་གཞག་ཐད་སྙུགས་སྲིང་པ་དེ་ཧ་ཅང་གལ་ཆེན་དང་། ཁྱེད་ཀྱི་བསམ་བློའི་ནུས་སྟོབས་དང་མཁས་མཛངས་ཀྱི་སྣེ་འཁྲིད། རྒྱུན་སྲིང་འཇམ་ལྡན་གྱི་གནོན་ཤུགས། བོད་དོན་རྒྱབ་སྐྱོར་ཀྱི་སྲིད་བྱུས་དེ་མདུན་ཅོག་སྟེང་ནས་མར་ལྷུང་མ་བཅུག་པའི་ཆོད་སེམས་དེས། ང་ཚོ་ཡང་མདུན་ཅོག་སྟེང་གི་གནད་དོན་དེ་མར་མ་ལྷུང་པའི་ཆེད་དུ་བསམ་བློ་སྒྲིམ་ནས་བསྡད་བཅུག་སོང་། འདི་ནི་ཧ་ཅང་གི་གྲུབ་འབྲས་ཆེན་པོ་ཞིག་དང་ཁྱེད་རང་ཡང་གནད་དོན་འདིའི་ཐད་དགའ་སྤོབས་བྱེད་པའི་རེ་བ་ཡོད། ༽ (That is much to kind. Your perseverance and commitment were critical. without your moral and intellectual leadership, the constant application of (gentle) pressure, refusing to let this fall off the table, and making sure we stayed focused this would not have happened. it’s a big achievement and one I hope you feel well-merited.) ཅེས་འཁོད་ཡོད།
ཕྱི་ཚེས་ ༢༧ ཉིན་སྲིད་སྐྱོང་མཆོག་གིས། ༼ སྲིད་འཛིན་ཊྲོམ་མཆོག་གིས་ཁྲིམས་གཞི་སྤྱི་ཡོངས་ལ་མཚན་རྟགས་བརྒྱབ་འདུག་པས། བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༢༠ དེ་ཡང་ད་ནས་ཁྲིམས་གཞི་ཆགས་པ་རེད། བོད་རྒྱལ་ལོ། ༽ (History made again! President Trump signs the Omnibus bill, which means the Tibetan Policy and Support Act of 2020 is now LAW! Bhod Gyalo!) ཞེས་ཁྱབ་བསྒྲགས་གནང་།
བཞི་པ། རྒྱལ་སྤྱིའི་རྒྱབ་སྐྱོར་དང་བརྒྱུད་ལམ་ཁག་ཏུ་ནུས་པ་འབུར་བཏོན།
ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༣ ཉིན་ཉི་ཧོང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཚང་མ་མཚོན་ཐུབ་པའི་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱིས། གྲོས་ཚོགས་འཐུས་མི་ ༨༧ ཙམ་ཡོད་པ་དེ་རྒྱལ་སྤྱིའི་ཐོག་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཆགས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༩ ཉིན་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཆེད་ཕེབས་ཀྱིས། ཡུལ་དེའི་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གྲངས་ ༥༠ ལས་གྲུབ་པའི་ <<གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་གྲས།>> གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་བྱས། སྲིད་སྐྱོང་མཆོག་ཡུ་རོབ་དང་ལྷོ་བྱང་ཨ་མི་རི་ཁ། ཨེ་ཤེ་ཡ། ལྷོ་ཨ་ཧྥི་རི་ཁ། ཨོ་སི་ཁྲིར་ལི་ཡ་བཅས་གླིང་ཆེན་དྲུག་ནང་དཀའ་བ་དུ་མ་ཁྱད་དུ་བསད་ནས་རྒྱབ་སྐྱོར་འཚོལ་ཐབས་དང་། ལས་འགུལ་ལ་མཉམ་ཞུགས་སོགས་འགྲུལ་བཞུད་ལ་ཤུགས་སྣོན་བརྒྱབ་པ་དང་མཉམ་དུ། བོད་དང་བོད་དོན་གྱི་གཟུགས་བརྙན་ཡང་འཛམ་གླིང་མི་མང་གི་ཁྲོད་དུ་ཇེ་གསལ་ནས་ཇེ་གསལ་དུ་གྱུར། སྲིད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྒྱབ་སྐྱོར་བཅས་མི་ཉུང་བ་ཞིག་ཐོབ་པར་བརྟེན། རྒྱ་ནག་གཞུང་ཕྱོགས་ནས་སྲིད་སྐྱོང་རྒྱལ་ཁབ་གང་དུ་སོང་ན་དེ་དང་དེའི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས། སྲིད་སྐྱོང་རྒྱལ་ཁབ་གང་ཞིག་ཏུ་ཡོང་བཅུག་ན་རྒྱལ་ཁབ་དེ་དག་དང་རྒྱ་ནག་གཞུང་གཉིས་དབར་ཚོང་དོན་དང་ཕྱི་འབྲེལ་གྱི་ལས་དོན་ལ་གནོད་སྐྱོན་ཐེབས་ངེས་ཡིན་པའི་ཉེན་བརྡ་དང་འཇིགས་སྐུལ། མངོན་གསལ་ཡིན་མིན་ཅི་རིགས་ཀྱི་ཐོག་ནས་གཏོང་གི་ཡོད་པ་དེ་ཡང་།
ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གྱི་སྲིད་བློན་དམ་འབུལ་གྱི་མཛད་སྒོར་མགྲོན་དུ་བོས་ནས་ཡུན་རིང་མ་སོང་བར། རྒྱ་ནག་པེ་ཅིང་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་རྒྱ་ནག་དབུས་གཞུང་ཕྱི་སྲིད་ལྷན་ཁང་དུ་ཆེད་དུ་བོས་ནས། སྲིད་བློན་དམ་འབུལ་སྐབས་སྲིད་སྐྱོང་སྐུ་མགྲོན་ལ་བོས་པ་དེ་རྒྱ་གར་གཞུང་གི་ནོར་འཁྲུལ་ཆེན་པོ་དང་། དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་གནས་བབ་ལ་བར་ཆད་བཏང་ཡོད་པའི་སྐོར་སྐྱོན་བརྗོད་བྱས། ཕྱི་ལོ་ ༢༠༡༩ ལོར་བསྐྱར་དུ་རྒྱ་གར་མི་མང་ཆབ་སྲིད་ཚོགས་པ་ (BJP) ལ་འོས་བསྡུའི་རྒྱལ་ཁ་ཐོབ་ནས་སྲིད་བློན་གྱི་དམ་འབུལ་བྱེད་ལ་ཉེ་བའི་སྐབས། རྒྱ་ནག་གཞུང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཐེ་ཝན་གྱི་གཞུང་ཚབ་ཆེན་མོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཉིས་མགྲོན་དུ་བོས་ན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུའི་ཉེན་བརྡ་སོགས་བཏང་ཡོད། ཨོ་སི་ཁྲིར་ལི་ཡ་སོགས་ཀྱི་ཆེས་མཐོའི་དཔོན་རིགས་འགས་སྲིད་སྐྱོང་ཐུག་འཕྲད་ལ་དུས་ཚོད་ཟུར་བཅད་བཟོས་རུང་། གློ་བུར་དུ་རྒྱ་ནག་གི་ཉེན་བརྡ་ལ་བརྟེན་ནས་ཐུག་འཕྲད་ཀྱི་མཛད་རིམ་ཕྱིར་འཐེན་གྱིས་གང་ཐུབ་ཐུབ་གཡོལ་ཐབས་བྱས་པའི་རིགས་བཅས་ཐེངས་མང་བྱུང་མྱོང་། ལྷག་དོན་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཕ་རན་སི། ཨི་ཊ་ལི། ཨ་རི་བཅས་ཀྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་མ་ཟད། ཨོ་སི་ཊོ་ལི་ཡ་དང་བྷར་སིལ། ཁེ་ཎ་ཌ། ཡུ་རོབ་སྤྱི་མཐུན་ཚོགས་པ། ཧྥ་རན་སི། ཇར་མ་ནེ། ཨི་ཊ་ལི། རྒྱ་གར། ཉི་ཧོང། ལྷོ་ཨ་ཕི་རི་ཀ། ཨ་རི་སོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་ནི་ཝི་པིལ་ལེ་མཆོག་དང་། རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་གེ་རི་ལོཀ་མཆོག་གིས་བོད་དོན་བསྒྲགས་གཏམ་སྤེལ་བ་མ་ཚད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་བཅས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གསར་འགྱུར་བརྒྱུད་བསྒྲགས་བྱས་པ་སོགས། བོད་དོན་ལས་འགུལ་གྱི་གསོན་ཤུགས་ཉིན་རེ་བཞིན་དར་རྒྱས་སོང་ཡོད།
སྲིད་སྐྱོང་མཆོག་གིས་འགན་བཞེས་ནས་ལོ་བཅུའི་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ New York Times. CNN. Wall street Jouranl. The Hill. The Guardian. Time. BBC. Bangkok Post. Reuters. Times Of Israel. Aljazeera. Foreign Policy-The Cable. Council On Foreign Relation. The Diplomat. Daily Mail UK. The Tribune. Hong Kong Free Press. Times of Indie. Washington Post སོགས་ཀྱི་བཅར་འདྲི་དང་ལེན་དང་དཔྱད་བརྗོད་རིགས་སྣ་ཚོགས་སྤེལ། དམིགས་བསལ་ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གཉིས་དབར་ས་མཚམས་དམག་འཁྲུག་ལངས་པའི་སྐབས། སྲིད་སྐྱོང་མཆོག་གིས་དུས་ཚོད་དམ་འཛིན་གྱིས་ཨིན་ཧིན་སྐད་རིགས་གཉིས་ཀྱི་ཐོག་ཧ་ལམ་རྒྱ་གར་གྱི་བརྒྱུད་ལམ་ཆེ་ཁག་ཡོངས་རྫོགས་ནང་། རྒྱ་དཀར་ནག་དང་བོད་གསུམ་གྱི་གནད་དོན་ཐོག་དཔྱད་བརྗོད་གནང་པ་སོགས་ཀྱིས་བརྒྱུད་ལམ་ཁག་ནང་གདན་ཞུ་མི་སྣ་དམིགས་བསལ་ཅན་ཆགས་ཡོད། དེར་བརྟེན་རྒྱལ་སྤྱིའི་ཐོག་བོད་དོན་འཐབ་རྩོད་ཀྱི་གཟུགས་བརྙན་དང་བོད་མིའི་དགོས་འདུན་ལེགས་སྤེལ། དམིགས་བསལ་རྒྱ་གར་གྱི་མངའ་སྡེ་ཁག་གིས་སྲིད་སྐྱོང་མཆོག་མངའ་སྡེའི་ (STATE GUEST ) སྐུ་མགྲོན་གྱི་མཚན་ཐོག་ནས་སྣེ་ལེན་ཐེངས་མང་ཞུས་ཡོད།
ལྔ་པ། གཞིས་ཆགས་སྲ་བརྟན།
སྲིད་སྐྱོང་མཆོག་གིས་སྐབས་བཅུ་བཞི་པའི་བཀའ་ཤག་གི་འགན་བཞེས་མ་ཐག་གཞིས་ཆགས་སྲ་བརྟན་གནང་པར་དང་པོ་ས་སྲ་བརྟན་གནང་དགོས་ཞེས་གསུངས་པ་བཞིན། རྒྱ་གར་གཞུང་གི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ནང་། བོད་མི་སྐྱབས་བཅོལ་བས་བེད་སྤྱོད་བྱེད་བཞིན་པའི་ས་ཆ་ཁག་ལ་མངའ་སྡེ་གཞུང་ཚང་མས་བོགས་ཡིག་ཐོག་ངེས་པར་དུ་ས་རྟགས་འགོད་དགོས་པ་དང་། བོད་མིའི་བེད་སྤྱོད་བྱེད་པའི་ས་ཆ་དེ་དག་གི་ཐོག་ཏུ་སྡོད་ཁང་དང་སོ་ནམ་ཞིང་ལས། ཚོང་དོན། ཆོས་ཕྱོགས་ཀྱི་ལས་དོན་བཅས་ཀྱི་ཆེད་དུ་བེད་སྤྱོད་གཏོང་ཆོག་པ། བོད་མི་ཚོའི་ས་ཆ་དང་འབྲེལ་ཆགས་མངའ་སྡེ་ཁག་གིས་ས་ཐོ་ལག་འཛིན་ (Record of Tenancy Certificate) ངེས་པར་དུ་མཁོ་སྤྲོད་དགོས་པ། རྒྱ་གར་དབུས་གཞུང་གི་འཛུགས་སྐྲུན་ཡར་རྒྱས་དང་འབྲེལ་བའི་ལས་འཆར་འདྲ་མིན་གྱི་ཁེ་ཕན་རྣམས་བོད་མི་ཚོས་ལེན་ཆོག་པ་དང་། དམིགས་སུ་བཀར་ནས་གྷན་དཱི་རྒྱལ་ཡོངས་གྲོང་གསེབ་ལས་ཀ་འགན་ལེན་གྱི་ལས་འཆར་དང་རྒྱལ་ཡོངས་གྲོང་གསེབ་འཚོ་ཐབས་ལས་དོན་གྱི་ཁེ་ཕན། རྒྱལ་ཡོངས་གྲོང་གསེབ་འཕྲོད་བསྟེན་ལས་དོན་གྱི་ཁེ་ཕན། ཨིན་རྡི་རཱ་ཨ་ཝི་སིའི་ལས་འཆར་གྱི་ཁེ་ཕན། རཱ་ཇིབ་ཨ་ཝི་སིའི་ལས་འཆར་གྱི་ཁེ་ཕན། དངུལ་ཁང་ནས་དངུལ་བུན་མཐུན་རྐྱེན་གྱི་ཁེ་ཕན་སོགས། དབུས་གཞུང་གིས་རང་ཉིད་ཀྱི་ཆབ་འབངས་ཀྱི་བདེ་རྩར་དམིགས་ནས་ལས་འཆར་མང་པོ་ཞིག་གི་ཁེ་ཕན་བསྐྲུན་པ་རྣམས། བོད་མི་སྐྱབས་བཅོལ་བ་ཚོས་ཀྱང་ཧ་ལམ་ཡུལ་གྱི་ཆབ་འབངས་ལྟར་ཁེ་ཕན་ལེན་ཆོག་པའི་ཚད་དུ་བཞག་ཡོད།།
བོད་མིའི་གཞིས་ཆགས་ཀྱི་ནང་དང་ཉེ་འཁོར་གྱི་འགྲོ་ལམ། འཐུང་ཆུའི་ལས་འཆར། གློག་འཁྲིད་འཐེན་བཅས་རྨང་གཞིའི་འཛུགས་སྐྲུན་ལ་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ཆེད་དུ་དམིགས་བསལ་གྱི་ལས་གཞི་ལག་བསྟར་བྱེད་ཆོག་པ། སློབ་གྲྭ་དང་མཐོ་སློབ་འགྲིམས་བཞིན་པའི་བོད་ཕྲུག་ཚོར་མངའ་སྡེ་གཞུང་གིས་འཚོ་སྣོན་རོགས་རམ་སྤྲོད་རྒྱུ། ཁྱད་ཆོས་ཚང་བའི་བོད་མི་ཁྱད་ལས་པ་སྨན་ཞབས་དང་སློབ་འཁྲིད། རྩིས་རིག བཟོ་སྐྲུན། སྒྱུ་རྩལ་བ་སོགས་ལ་མངའ་སྡེ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཁག་གིས་ལས་ཀའི་ཆོག་མཆན་སྤྲོད་རྒྱུ། བོད་མིའི་ཐོན་སྐྱེད་རུམ་གདན་སོགས་ཚོང་ཟོག་འགྲེམས་ཚོང་བྱེད་ཡུལ། ཁྲོམ་ར་འཛུགས་རྒྱུར་དམིགས་བསལ་ཆོག་མཆན་དང་ས་ཆ་ལོགས་སུ་སྤྲོད་རྒྱུ། བོད་མིའི་མཉམ་འབྲེལ་རྣམས་མངའ་གཞུང་ནས་དེབ་སྐྱེལ་དང་མཉམ་དུ་ཁེ་ཕན་གང་ཡོད་སྤྲོད་དགོས་པ་མ་ཟད། ཁ་གསབ་རོགས་དངུལ་སྤྲད་དེ་རང་འཚོ་རྒྱུན་འཛིན་ཐུབ་པ་བཟོ་དགོས། སྐྱབས་བཅོལ་ལག་ཁྱེར་ (RC) གཞིར་བཞག་ནས་བོད་མི་ཚོར་ཁ་ལོ་བའི་ལག་ཁྱེར། ཚོང་ཁང་གི་ཆོག་མཆན་སོགས་འཚོ་ཐབས་ཀྱི་ལས་རིགས་ཁག་དགག་བྱ་མེད་པ་ཞུ་འཐུས་ཆོག་རྒྱུ། ས་གནས་ཀྱི་མཉམ་འབྲེལ་དངུལ་ཁང་ཁག་ནས་བོད་མི་ཚོར་སྟོན་ཐོག་དངུལ་བུན་དང་སྟོན་འབྲས་ཉེན་སྲུང་གི་མཐུན་རྐྱེན། ཆུ་ལོག་གམ་མུ་གེའི་ངལ་སེལ་གུན་གསབ་བཅས་ཐོབ་དགོས་པ། ད་དུང་དབུས་རིག་གཞུང་བློན་ཆེན་གྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ལ་བཀོད་མངགས་ལྟར། མངའ་སྡེའི་ཁུལ་དུ་ནང་དགོན་དང་གྲྭ་བཙུན་ཇི་ཡོད་ཀྱི་ཐོ་གཞུང་བསྡུ་རུབ་ཀྱིས། གྲྭ་བཙུན་རེར་ཞལ་ལག་གི་དོད་ཧིན་སྒོར་ ༥ རེ་ཙམ་འཆར་འགོད་བྱས་པ་དང་། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་བཀོད་མངགས་ལྟར། བོད་པ་སྨན་པ་དང་སྨན་ཞབས་པ་ཡོངས་རྫོགས་ཐོ་འགོད་བྱེད་ཐུབ་པ་བྱུང་ཞིང་། རྒྱལ་ས་ལྡི་ལི་གཅིག་པུར་བོད་པ་སྨན་ཞབས་པ་ཆིག་སྟོང་མ་ཟིན་ཙམ་ཡོད་པ་རྣམས་ལ། ད་ལྟའི་བར་སྔོན་དུས་ཀྱི་དཀའ་ངལ་རིགས་འཕྲད་གཞི་མེད་པར་ཆགས་ཡོད།
ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་རྒྱལ་སྤྱི་རོགས་སྐྱོར་ལས་ཁུངས་བརྒྱུད་ནས། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་སྲ་བརྟན་ཆེད་རོགས་དངུལ་ཨ་སྒོར་ས་ཡ་ ༢༣ གནང་ཡོད་པ་དང་། དེ་ཧིན་སྒོར་དུ་བསྒྱུར་ན་དུང་ཕྱུར་བཅོ་ལྔ་དང་བྱེ་བ་གསུམ་ (༡༥༣༠༠༠༠༠༠༠) མ་ཟིན་ཙམ་ཆགས་ཡོད། སྲིད་སྐྱོང་མཆོག་གིས། ༼ ཨ་རིའི་རྒྱལ་སྤྱི་རོགས་སྐྱོར་ལས་ཁུངས་བརྒྱུད་ཨ་སྒོར་ས་ཡ་ཉི་ཤུ་རྩ་གསུམ་ལོ་ལྔའི་རིང་གནང་རྒྱུ་ཞལ་བཞེས་ཐོབ་པ་དེ། གཙོ་ཆེ་ཤོས་ལྷོ་ཨེ་ཤེ་ཡའི་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཚོའི་འཚོ་བ་སྐྱེལ་སྟངས་དང་། གཞིས་ཆགས་སྲ་བརྟན་ཡོང་རྒྱུའི་ཆེད་དུ་རེད་ལ་ཐེངས་འདིར་སྔར་དང་མི་འདྲ་བ་ལོ་ལྔའི་རིང་དོན་ཚན་བརྒྱད་ཀྱི་ལས་གཞིའི་ཐོག་འགྲོ་དགོས།༽ ཞེས་གསུངས།
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བརྒྱུད་ནས་ཧིན་སྒོར་ས་ཡ་ཉིས་བརྒྱས་བོད་པའི་ཚོང་པ་ཚོར་འཚོ་རྟེན་རོགས་སྐྱོར་འོག་བུན་གཡར་ཚོད་ལྟའི་ལས་གཞི་སྤེལ་འགོ་ཚུགས། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༨ ཉིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བརྒྱུད་ནས་ཚོང་དོན་ལས་གཞི་རྒྱ་སྐྱེད་སྐབས་སྲིད་སྐྱོང་མཆོག་གིས། ༼ ད་ཐེངས་ཚོང་དོན་ལས་གཞིའི་ཐོག་བུན་གཡར་གྱི་དམིགས་ཚད་ཧིན་སྒོར་འབུམ་ ༥༠༠ འཛིན་བཞིན་ཡོད་པ་རྣམས། ཟ་ཁང་དང་ཚོང་ཁང་། ཞིང་ལས་སྣུམ་འཁོར་ཆེ་བ། དོ་སྐྱེལ་སྣུམ་འཁོར་སོགས་ཉོ་མཁན་གྱིས་གཙོས་ཚོང་ལས་འབྲིང་བར་གཉེར་མཁན་ཚོར་དངུལ་བུན་འབུམ་བཅུ་དང་འབུམ་ཉི་ཤུའི་བར་ལས་གཞི་སྤེལ་རྒྱུ་ཡིན། འབུམ་བཅུ་ལ་སྐྱེད་ཀ་བརྒྱ་ཆ་ ༡༠ དང་འབུམ་ཉི་ཤུ་ལ་སྐྱེད་ཀ་བརྒྱ་ཆ་ ༡༢ ཡིན་ཞིང་། ཚོང་ལས་ཆུང་བ་རྣམས་ལ་བུན་གཡར་གྱི་ལས་གཞི་སྤེལ་ཟིན་པས་འདིའི་ཁུངས་སུ་ཚུད་མེད། ༽ ཅེས་གསུངས།
སྐབས་བཅུ་བཞི་པའི་བཀའ་ཤག་གིས་འགན་བཞེས་ནས་སྦིར་ས་ཁུལ་དུ་དུད་ཁྱིམ་དཀའ་ངལ་ཅན་གསར་འབྱོར་བ་ཁྱིམ་ཚང་ ༧༦ ཡོད་པ་རྣམས་ལ། <<ལི་ལི་བོད་མིའི་གྲོང་སྡེ་གསར་པ།>> ཞེས་སྡོད་ཁང་གྲངས་ ༧༤ གསར་རྒྱག་ལས་གཞི་ལེགས་པར་གྲུབ། དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་ཆེ་ཤོས་སྦེལ་ཀོབ་དང་། མོན་གྷོ་ས་གནས་སུ་གསར་འབྱོར་བའི་ཁྱིམ་ཚང་ ༤༠༠ མ་ཟིན་ཙམ་ཡོད་སྐོར་སྙན་ཞུ་ཁག་ནང་གསལ་བ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཁོངས་སུ་སྡོད་ཁང་གསར་རྒྱག་ལེགས་གྲུབ་ཀྱི་མཛད་སྒོ་འཚོགས། རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་གྲོང་ཆེ་བ་མོན་གྷོ་འདོད་རྒུ་གླིང་གི་ཕྱོགས་སུ་གསར་འབྱོར་བ་ཁྱིམ་ཚང་ ༡༠༠ ལྷག་ཡོད་སྐོར་སྙན་སེང་ཞུས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཞིབ་འཇུག་སྐབས་ཆ་རྐྱེན་ཚང་མཁན་དང་དགོས་མཁོ་ཅན་ཁྱིམ་ཚང་ ༦༠ ཙམ་གཏན་འཁེལ་བྱས་ཏེ་འཛུགས་སྐྲུན་གྱི་ལས་གཞི་མཇུག་སྒྲིལ་ལ་ཉེ། ཁ་འཐོར་བོད་མི་ཁྱིམ་ཚང་ ༡༤༠ ལྷག་ཙམ་གཅིག་ལ་གཅིག་བརྟེན་གྱིས། རྒྱ་གར་བྱང་ཕྱོགས་དྷེ་ར་དྷུན་ཁུལ་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་ཕུང་གསོག་བྱས་ཡོད་པ་རྣམས་ལ་སྡོད་ཁང་གསར་རྒྱག་གིས། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༧ ཉིན་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་རྣམ་གཉིས་ས་གནས་སུ་ཆེད་བཅར་གྱིས། གསར་སྐྲུན་ཟིན་པའི་དགེ་འཕེལ་གླིང་གཞིས་ཁང་དབུ་འབྱེད་ཀྱི་མཛད་སྒོ་བསྐྱངས། གང་ལྟར་ལྷོ་བྱང་གཉིས་གཙོ་བོར་གྱུར་པའི་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་ལས་གཞི་མཇུག་སྒྲིལ་ཚར་པ་ཁྱིམ་ཚང་ ༣༠༨ ལ། འགྲོ་གྲོན་ཧིན་སྒོར་ས་ཡ་སུམ་བརྒྱ་བརྒྱད་ཅུ་གྱ་དྲུག་དང་དྲུག་འབུམ་བཞི་ཁྲི་ (༣༨༦༦༤༠༠༠༠) བཏང་ཡོད།
ཧོན་སུར་གཞིས་ཆགས་ནང་གཞིས་ཁང་སྟོང་པ་ ༨༠ ལྷག་ཙམ་ཐོན་པའི་ནང་། སྤོ་ཤུགས་བྱེད་འདོད་ཡོད་པའི་ཁྱིམ་ཚང་ ༥༠ ཙམ་གྱི་ཐོ་གཞུང་ནང་སྲིད་ལ་འབྱོར་ཡོད་འདུག གཞིས་ཁང་ཁག་ལོ་མང་སོང་ཡོད་པར་བརྟེན་བཟོ་བཅོས་ཙམ་གྱིས་འདོད་བློ་ཁེངས་པ་ཞིག་ཡོང་ཐབས་བྲལ་བ་དང་། ཁང་པ་གསར་སྐྲུན་བྱེད་ཐུབ་ན་དེ་དང་མཉམ་དུ་ཞིང་ས་རྒྱ་ཆེན་པོ་ཐོབ་ཀྱི་ཡོད་པར་བརྟེན། མཐར་ཁྱིམ་ཚང་ ༢༠ ལྷག་ཙམ་དེར་གནས་སྤོ་བྱེད་མཁན་བྱུང་ཡོད་འདུག སྤོ་ཤུགས་བྱེད་མཁན་དོ་བདག་ནས་འགྲོ་སོང་བཏང་ནས་ཁང་པ་བརྒྱབ་ཚར་པའི་རྗེས་ལ། སྒྲིག་འཛུགས་ཀྱི་ངོས་ནས་ནང་མི་གཅིག་ནས་གཉིས་བར་དུ་སྒོར་འབུམ་གཅིག་དང་། གཉིས་ནས་གསུམ་བར་དུ་འབུམ་གཉིས། གསུམ་ནང་ལྔ་བར་དུ་འབུམ་གསུམ། ལྔ་ཡར་རྒལ་ན་འབུམ་བཞི་དང་ལྔ་བཅས་ཁ་གསབ་ཀྱི་མཐུན་རྐྱེན་སྦྱར་ཡོད་ལ། བཀའ་ཤག་སྐབས་ ༡༥ རིང་ལ་ཁང་པ་དེ་ལྟར་རང་ངོས་ནས་རྒྱག་མཁན་ཡོད་ན་ཁ་གསབ་ཀྱི་ཆེད་དུ་རོགས་དངུལ་སྤྲོད་འཆར་རང་གནས་ཐོག ཐབས་ཤེས་ཡོད་རྒུས་གཞིས་ཆགས་ཀྱི་ས་ཆ་ཡག་པ་རྣམས་མུ་མཐུད་ནས་བེད་སྤྱོད་བྱས་ཏེ། འབྱུང་འགྱུར་སྲ་བརྟན་ངང་གནས་དགོས་པ་དེ་རྩ་བའི་རྩ་དོན་ལ་བཟུང་ནས་ལས་གཞི་དེའི་རིགས་ལག་བསྟར་གནང་བ་ཞིག་ཡིན་འདུག སུན་དྷར་ན་གྷར་དང་། མན་ཌི། མཚོ་པདྨའི་ཕྱོགས་ལ་ཡོད་པའི་གསར་འབྱོར་ཚོའི་ཆེད་དུ་ལས་གཞིའི་འཆར་འགོད་དང་འགོ་འཛུགས་བྱེད་ལ་ཉེ་བའི་སྐབས་ནད་ཡམས་ཀྱི་རྐྱེན་བྱས་ནས་གནས་སྐབས་རིང་ཕར་འགྱངས་བྱེད་དགོས་བྱུང་རུང་། རིང་པོ་མ་སོང་བར་ལས་གཞི་རྣམས་སྔར་རྒྱུན་བཞིན་མུ་མཐུད་པ་དང་། ཆབ་སྲིད་བཙོན་ཟུར་ཚོའི་ཆེད་དུ་རྡ་སར་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ནང་ཨར་ལས་འགོ་འཛུགས་བྱས་ཏེ་ཕྱི་ལོ་ ༢༠༡༦ ཟླ་ ༡ ནང་ལས་གཞི་ཡོངས་སུ་མཇུག་སྒྲིལ། གསར་རྒྱག་བྱས་པའི་སྡོད་ཁང་གྲངས་ ༡༦ ནས་ ༥ རྡ་སའི་ས་གནས་འགོ་འཛིན་གྱི་ལས་བྱེད་རྣམས་ལ་བགོ་འགྲེམས་གནང་ཡོད།
དྲུག་པ། གངས་ཅན་སྐྱིད་གཤོངས་ལེགས་བཅོས།
གངས་ཅན་སྐྱིད་གཤོངས་ཀྱི་ལས་ཁུངས་རྣམས་སྔོན་དུས་ནས་འཛུགས་སྐྲུན་གནང་པར་བརྟེན། ཕྱི་ནང་གཉིས་ཀ་རྙིང་ལ་གློག་ཐག་ཕྲ་སྦོམ་སྣ་ཚོགས་ཀྱིས་སྒོ་དང་སྒེའུ་ཁུང་ལ་སྡོམ་ཐག་འཐེན་པ་ལྟར་གནས་པས། གློ་བུར་དུ་མི་རྒྱུས་མེད་ཅིག་གིས་བལྟས་ན་བོད་གམིའི་སྒྲིག་འཛུགས་ཀྱི་བསྟི་གནས་ལ་ཤ་ཚ་བྱེད་དགོས་པའི་ཚུལ་དུ་སྣང་། གཞུང་ཞབས་ཚོའི་ལས་ཁུངས་ནང་དབྱར་དགུན་གྱི་དུས་སུ་ཞ་ཚན་དང་གྲང་ངར་ཆེ་བ། ལས་ཁུངས་གུ་ཡངས་དང་དཀར་ཆ་དོད་པོ་མེད་པའི་དཀའ་ངལ་སྣ་ཚོགས་ཡོད། ད་དུང་བོད་གཞུང་མང་དམིགས་བསལ་ཚོགས་ཆེན་སོགས་འདུས་ཚོགས་ཆེ་བའི་རིགས་གང་ཞིག་འཚོགས་དགོས་རུང་། བོད་ཁྱིམ་དང་ས་གནས་ཀྱི་ཚོགས་ཁང་སོགས་གླ་གཡར་བྱེད་དགོས་པ་ལས། བོད་མིའི་སྒྲིག་འཛུགས་ལ་མཐུན་རྐྱེན་སྦྱར་བའི་ནུས་པ་མེད། ཕྱི་ལོ་ ༢༠༡༤ ལོར་ཧིན་སྒོར་འབུམ་བདུན་བརྒྱའི་འགྲོ་གྲོན་སྔོན་རྩིས་ཀྱིས། གངས་སྐྱིད་དུ་གཞི་རྒྱ་ཆེ་བའི་ཐོག་བརྩེགས་བཞི་ཅན་གྱི་ལས་ཁུངས་གསར་རྒྱག་གི་ལས་གཞི་འགོ་འཛུགས། འོག་ཁང་དུ་ལས་ཁུངས་ཁག་གི་སྣུམ་འཁོར་ ༣༠ ལྷག་འཇོག་ཡུལ་དང་། ཐོག་བརྩེགས་དང་པོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། གངས་སྐྱིད་གློག་ཀླད་སྡེ་ཚན། ཐོག་བརྩེགས་གཉིས་པར་གཞི་རྒྱ་ཆེ་བའི་འགྲེམས་སྟོན་ཁང་། ཐོག་བརྩེགས་བཞི་པར་མི་གྲངས་ ༧༠༠ ལྷག་ཤོང་བའི་ཚོགས་ཁང་བཅས་ལ་འགྱོག་འབེབ་དང་། གོམ་རྒྱག་སྐས་འཛེགས་གཉིས་ལྡན། ཁང་བརྩེགས་དཀྱིལ་གྱི་ཕྱི་དབྱིབས་ལ་ཨིན་ཡིག་ནང་”བོད།”མཚོན་དོན་དུ་ཊི་ཡི་ (T) བཟོ་ལྟ་བཏོད་དེ། སྒོ་དང་སྒེའུ་ཁུང་ཡོངས་རྫོགས་ལ་སྤེན་བད་སོགས་ཀྱི་མཛེས་ཆ་བཀོད་ནས་བོད་ལུགས་སུ་འཛུགས་སྐྲུན་གནང། ད་དུང་ཆོས་རིག་ལས་ཁུངས་དང་ནང་སྲིད། དཔལ་འབྱོར་ལས་ཁུངས། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ལྷན་ཁང་ཁག་གི་ལས་ཁུངས་དང་ཚོམས་ཆེན་སོགས་རྒྱ་སྐྱེད་དང་བཟོ་བཅོས། སྒོ་དང་སྒེའུ་ཁུང་བརྗེ་སྒྱུར་གྱིས་དཀར་ཆ་དོད་དུ་བཏང་།
འགྲེམས་སྟོན་ཁང་གི་ལས་འཆར་ལ་ཧིན་སྒོར་འབུམ་བདུན་བརྒྱའི་སྔོན་རྩིས་འོག་ནས་འཆར་འགོད་གནང་པ་དང་། སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་འཆར་འགོད་གནང་པའི་འགྲེམས་སྟོན་ཁང་ལ་ཕྱིའི་ཆ་རྐྱེན་དྲ་རྒྱ་དང་སྤྱི་ཚོགས་དྲ་ལམ། ཚ་གློག་དང་གྲང་གློག་སོགས་དེང་རབས་ཀྱི་འགྲེམས་སྟོང་ཁང་གི་ཡོ་ཆས་ཕུན་སུམ་ཚོགས་པོ་དང་། འགྲེམས་སྟོན་གྱི་ལེ་ཚན་ནང་། བོད་ཀྱི་ས་བབ་དང་ཆས་གོས་སོགས་སྤྱི་ཡོངས་ངོ་སྤྲོད། བོད་ཀྱི་ལོ་རྒྱུས། གོང་ས་མཆོག་གི་མཛད་འཕྲིན། བོད་དུ་བཙན་འཛུལ། གློ་སྒྲིག་འཛུགས། རང་ལུས་མེར་སྲེག་སོགས་ཀྱི་འགོག་རྒོལ། བོད་ནས་བཙན་བྱོལ་དུ་བྲོས་བྱོལ་ལ་ཡོང་སྟངས། བཙན་བྱོལ་ནང་གི་གནས་སྟངས། བོད་ཀྱི་ཁོར་ཡུག དེང་སྐབས་བོད་ནང་གི་གནས་སྟངས། བོད་མིའི་རེ་བ་དང་གྲུབ་འབྲས། བོད་དུ་དུས་འགྱུར་སྐབས་རྐྱེན་འདས་སུ་སོང་བ་རྣམས་ཀྱི་དྲན་རྟེན་བཅས་དང་། ཕྱི་ལོ་ ༢༠༡༥ ལོར་སྐུའི་གྱ་སྟོན་གྱི་འཁྲུངས་ལྷ་དབྱར་གསོལ་གྱི་ཉིན་རྗེས་མ་དེར། བོད་མིའི་སྒྲིག་འཛུགས་ཀྱི་རེ་འདུན་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་བཀའ་འཁྲོལ་འོག་ནས། མེག་ལོ་གྷན་ཇི་ནས་མར་གངས་ཅན་སྐྱིད་གཤོངས་དུ་ཡོང་བའི་ལམ་སྣེ་གཉིས་བསྡོངས་བའི་སུམ་མདོ་དེ་ལ་པོ་ཏཱ་ལའི་གཞུང་ལམ་ཞེས་པར་བསྒྱུར་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༦ ཉིན་ནང་སྲིད་བཀའ་བློན་གྱིས། ༼ དེ་སྔ་ཡིན་ན་ལས་ཤག་ཧ་ཅང་ཉུང་ཉུང་རེད་ལ་བཀའ་ཤག་སྔ་རྗེས་ཀྱིས་དེའི་ཐོག་དགོངས་པ་བཞེས་ཀྱང་། བསམ་པ་ནང་བཞིན་ལས་དོན་འགྲུབ་དང་མ་འགྲུབ་སྣ་ཚོགས་བྱུང་ཡོད། བཀའ་ཤག་སྐབས་བཅོ་ལྔ་པ་ཁོ་ནས་ལས་ཤག་ ༢༤༢ ཙམ་གོ་སྒྲིག་གནང་ཀྱང་ད་དུང་བརྒྱ་དང་གཅིག་ཙམ་འཛུགས་སྐྲུན་བྱེད་དགོས་ཀྱི་ཡོད། ཉེ་དུས་ལས་ཤག་གསར་རྒྱག་གི་འཆར་གཞི་འགྲོ་བཞིན་པ་ནས། སླར་ཡང་རྒྱག་དགོས་པ་ ༣༠ ཙམ་མ་གཏོགས་ལྷག་མེད་པར་བརྟེན། གངས་སྐྱིད་ཁུལ་གྱི་ལས་བྱེད་རྣམ་པའི་ལས་ཤག་གི་དཀའ་ངལ་ཆ་ཚང་སེལ་ལ་ཉེ་བའི་གནས་སྟངས་ཤིག་ཆགས་ཡོད། ༽ ཅེས་གསུངས།
བོད་ཉི་ཤུ་ཉི་ཤུའི་བསམ་ཚུལ་གྱི་རྨང་གཞི་གཙོ་བོ་དེ་གལ་སྲིད་རྒྱ་བལ་འབྲུག་གསུམ་ནང་བོད་མིའི་མི་འབོར་ཉུང་དུ་སོང་ན། རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་སློབ་གྲྭ་ཁག་གི་དགེ་རྒན། སློབ་གཉེར་བའི་གྲངས་འབོར་བཅས་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་ངེས་ལ་བརྟེན། དེ་ལ་འཚམས་པའི་ལས་དོན་གྱི་ནུས་པ་མ་ཉམས་པར་འཛིན་སྐྱོང་གི་ཐབས་ལམ་འཚོལ་དགོས་པས། དྲ་ལམ་གྱི་འཛིན་སྐྱོང་ (e-governance) ཞེས་ལས་ཀ་བྱེད་མཁན་དངོས་སུ་ས་གནས་དང་ལས་ཁུངས་སུ་བཅར་མི་དགོས་པར་དྲ་ལམ་བརྒྱུད་ནས་ལས་དོན་གཉེར་སྲོལ་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱིས་དེ་འདྲ་བ་ལག་བསྟར་ཐུབ་ན་དུས་ཚོད་དང་ལས་ཀའི་ནུས་ཤུགས། ལས་བྱེད་གང་དུ་ཡོད་ན་ས་གནས་དེ་ནས་ལས་ཀ་བྱེད་ཐུབ་པ་བཅས་ཀྱི་དགེ་ཕན་མཐོང་ནས། བོད་གནས་དྲ་རྒྱ་དང་བོད་ཀྱི་བརྙན་འཕྲིན་ཚན་པའི་འཕྲུལ་ཆས་དང་ལས་ཁུངས། དྲ་ལམ་གྱི་ཤུགས་ཚད། སྲི་ཞུ་བའི་གློག་ཀླད་སོགས་འཕྲུལ་ཆས་ཀྱི་རིགས་ཡར་རྒྱས་ཤུགས་ཆེར་གནང་ནས། དྲ་ལམ་གྱི་འཛིན་སྐྱོང་ལ་ཉམས་གསོག་གི་ལས་གཞི་སྔོན་དུ་བཏང་ནས་དེའི་ཐོག་གོམ་པ་མདུན་སྤོས་ཀྱི་ལས་གཞི་ཚུགས་ཟིན།
བདུན་པ། ཨ་རིའི་སྲིད་གཞུང་དང་ཕོ་བྲང་དཀར་པོ།
ཕྱི་ལོ་ ༢༠༡༣ ཟླ་ ༥ ནང་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཌི་སི་ལ་ཆེད་ཕེབས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ནན་སི་པེ་ལོ་སི་དང་དེ་མིན་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག རྒྱ་ནག་ཚོགས་ཆུང་གི་འགན་འཛིན་བཅས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་རྣམས། ལྕམ་ནན་སེ་པི་ལོ་སི་མཆོག་གི་ལས་ཁུངས་ནང་ལྷན་འཛོམས་ཀྱིས་བོད་དོན་ཐོག་འཐབ་བྱུས་ཀྱི་ཚོགས་འདུ་འཚོགས། སྐབས་དེར་འབྱུང་འགྱུར་བོད་ཀྱི་གནད་དོན་དང་འབྲེལ་བའི་དོན་ཚན་བརྒྱད་ལ་བཀའ་བསྡུར་གནང་བ་བཞིན། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༥ ཉིན་ལྕམ་ནན་སི་པེ་ལོ་སི་ཡིས་སྣེ་འཁྲིད་འོག་ནས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལྷ་ས་དང་། དེ་མིན་བོད་ཀྱི་ས་ཁུལ་ཁག་ལ་གཟིགས་སྐོར་གནང་། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་མགྲོན་དུ་བོས་པ་བཞིན། ལྕམ་ནན་སི་པེ་ལོ་སི་མཆོག་གི་སྣེ་ཁྲིད་འོག་ཨ་རིའི་གྲོས་ཚོགས་འཐུས་མི་ ༨ བཞུགས་སྒར་དྷ་རམ་ས་ལར་གཟིགས་སྐོར་ལ་འབྱོར། སྐུ་ཚབ་ཚོགས་ཆུང་བལ་ཡུལ་དང་དྷ་ས་སོགས་སུ་གཟིགས་སྐོར་ཡོངས་སུ་གྲུབ་ནས་ཕྱིར་ཨ་རི་ལ་འབྱོར་མ་ཐག། ཟླ་དེའི་ཚེས་ ༡༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་གསར་འགོད་ལྷན་ཚོགས་བསྐོངས། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མཱེག་པོམ་པེའོ་ (Mike Pompeo) མཆོག་གིས། དྲུང་ཆེ་ལས་རོགས་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A. Destro) མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་གཏན་འཁེལ་བའི་གསར་འགོད་གསལ་བསྒྲགས་གནང་། ཟླ་དེའི་ཚེས་ ༡༥ ཉིན་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་ཐོག་གདན་ཞུས་ལྟར། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ཧར་རེ་ཊི་རུ་མན་ (Harry S. Truman building) ནང་ཆེད་ཕེབས་ཀྱིས། བསྐོ་གཞག་གནང་མ་ཐག་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་དང་མཇལ་འཕྲད་གནང་།
སླར་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་ཐོག་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ཧར་རེ་ཊི་རུ་མན་ (Harry S. Truman building) ནང་སྲིད་སྐྱོང་མཆོག་མགྲོན་འབོད་གནང་པ་དང་། ཚེས་ ༢༠ ཉིན་གྱི་ཕྱི་དྲོར་ཨ་རིའི་གཞུང་ཕྱི་སྲིད་ལྷན་ཁང་གིས་སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་ཐོག་གདན་འདྲེན་ཞུས་པ་དང་། ཚེས་ ༢༣ ཉིན་གསར་འགོད་པ་བསྟན་འཛིན་འཆི་མེད་ཀྱིས་བཅར་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། ༼ འདས་པའི་དུས་ཡུན་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོའི་ངོས་ནས། ཁྱེད་རང་བཙན་བྱོལ་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་འཁྲིད་ཡིན་སྟབས། གལ་ཏེ་ཁྱེད་རང་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོའི་ནང་སླེབ་པ་ཡིན་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་གཞུང་ནས་ངོས་འཛིན་བྱེད་པ་ཆགས་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་གནོན་ཤུགས་ཡོང་གི་རེད་ཅེས་བཤད་པ་རེད། ངས་ཁོང་རྣམས་ལ་གལ་ཏེ་དེ་ལྟར་ཡིན་ན་ཁྱེད་རྣམས་ཀྱིས་སི་རི་ཡ་ (Syria) དང་། ཝེ་ནི་ཛུ་ལའི་ (Venezuela) བཙན་བྱོལ་གཞུང་གི་མི་སྣ་གདན་འདྲེན་ཞུས་ཡོད་པ་དང་། ང་ཚོ་བོད་མི་རྣམས་ཀྱིས་ད་བར་སྒུག་ནས་ལོ་དྲུག་ཅུ་ཕྱིན་ཡོད་སྐོར་ཞུས་པ་ཡིན། ཟླ་བ་སྔོན་མའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་གཞུང་འབྲེལ་ཐོག་མགྲོན་འབོད་དང་། ད་ཐེངས་ཕོ་བྲང་དཀར་པོའི་ནང་བཅར་རྒྱུའི་གོ་སྐབས་བྱུང་བ་ནི། བོད་མིའི་སྒྲིག་འཛུགས་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གིས་གསོལ་རས་སྩལ་བའི་མང་གཙོའི་ལམ་ལུགས། བོད་མི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྲིད་སྐྱོང་བཅས་ལ་ངོས་ལེན་གནང་སྟབས་ལོ་རྒྱུས་དང་ཆབ་སྲིད་གཉིས་ཀའི་ཐོག་ནས་གལ་ཆེན་པོ་རེད། ༽ ཅེས་གསུངས།
ད་དུང་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་ཡིག་ཆ་ཨང་ (S.Res.429) ཅན་ཞིག་བཞག་པའི་ནང་། ༼ རྒྱ་ནག་གཞུང་གིས་གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་སྐུ་ཕྲེང་བཅོ་ལྔ་པ་མཆོག་གིས་དབུས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དང་། ཆོས་ལུགས་ཀྱི་དབུ་ཁྲིད་བསྐོ་གཞག་གནང་ཕྱོགས་བཅས་ལ་ཐེ་བྱུས་བྱས་ཚེ། དེ་ནི་བོད་དང་ཨ་རི་ཚུད་པའི་འཛམ་གླིང་ཐོག་གི་བོད་རྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཡོངས་ཀྱི་ཆོས་ལུགས་ཀྱི་རང་དབང་དང་ཐོབ་ཐང་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པས་རྩིས་མེད་གཏོང་རྒྱུ་ཡིན།༽ ཞེས་འཁོད། (expresses its sense that any attempt by the Government of the People’s Republic of China to identify or install its own candidate as a Tibetan Buddhist religious leader, including a future 15th Dalai Lama, is invalid interference in the right to religious freedom of Tibetan Buddhists around the world, including in Tibet as well as the United States and elsewhere; )
ད་དུང་གྲོས་ཆོད་ཙམ་མིན་པ་ཨ་རི་གཞུང་གིས་གཏན་འབེབས་གནང་པའི་ ༼བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་༢༠༢༠ ༽ ཞེས་པའི་ཁྲིམས་གཞིའི་ནང་དེ་བས་ཀྱང་གསལ་ཁ་བཏོད་ཡོད་པ་རྣམས་ལེ་ཚན་གཞན་དུ་གསལ། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཌི་སིར། གྲོས་ཚོགས་འོག་མའི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གིས་ (House Democracy Partnership commission) གཞུང་འབྲེལ་གྱིས་སྣེ་ལེན་ཞུས་པ་དང་བསྟུན་ནས། ཟླ་དེའི་ཚེས་ ༡༡ ཉིན་ཨ་རིའི་རྒྱལ་སྤྱིའི་གནད་དོན་འཐབ་བྱུས་རིག་པའི་བསྟི་གནས་ཁང་དུ། ( Center for Strategic and International Studies (CSIS) གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
སྲིད་སྐྱོང་མཆོག་གིས། ༼ རྒྱ་ནག་དམར་པོའི་སྲིད་གཞུང་གིས་ ༢༠༠༧ ལོར་བཀའ་རྒྱ་ཨང་ལྔ་པ་ཟེར་བ་ཞིག་བསྒྲགས་ནས། འབྱུང་འགྱུར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ངོས་འཛིན་བྱ་རྒྱུ་ཡིན་ཚུལ་བཤད་ཡོད། ཆོས་མེད་སྨྲ་བ་གུང་བྲན་རིང་ལུགས་པ་ཞིག་གིས། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུ་ཟེར་བ་ནི་བློ་ཡུལ་ལས་འདས་པའི་ཧམ་བཤད་ཁོ་ན་མ་ཟད། རྒྱ་ནག་གཞུང་ཆོས་མེད་སྨྲ་བས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་ཀྱི་འཁྲབ་སྟོན་དེ། ཁུ་བྷ་ཡུལ་གྱི་དམར་པོའི་སྲིད་འཛིན་ཕི་ཌལ་ཀེ་སི་ཊོ་ཡིས། ཡེ་ཤུའི་བླ་ཆེན་པོབ་བདམ་རྒྱུ་ཡིན་སྐོར་བཤད་པ་དང་གཅིག་མཚུངས་རེད། ༽ ཅེས་སོགས་གསུངས། བརྗོད་བྱ་དེ་དང་འབྲེལ་ནས་དྲི་བ་དྲིས་ལན་གྱི་ལས་རིམ་རྣམས་ཞིབ་ཕྲ་བྱས་པས། དེར་འདུ་འཛོམས་བྱུང་བའི་རྒྱལ་སྤྱིའི་མཁས་དབང་དང་གསར་འགོད་པ་ཚོས། གནད་དོན་ཁ་གསལ་གནད་ལ་འཁེལ་པོ་གསུངས་སོང་ཞེས་བསྔགས་བརྗོད་ཀྱང་ཞུས་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གཞུང་གིས་གྲོས་ཆོད་ཙམ་མིན་པ་སྲིད་བྱུས་གཏན་འབེབས་བྱས་པའི་ནང་། གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་ཞུ་རྒྱུའི་ལམ་སྲོལ་དེ། བོད་མི་ནང་པ་ཚོ་དང་གོང་ས་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་ལྟར་ཤར་སྐྱོད་དགོས་པ་ལས། རྒྱ་ནག་གཞུང་དང་དེ་མིན་གྱི་སྲིད་གཞུང་ཁག་གིས་ཐེ་བྱུས་མི་ཆོག ཐེ་བྱུས་བྱས་ཚེ་བོད་བརྒྱུད་ནང་བསྟན་གྱི་ཐོབ་ཐང་དང་བོད་མི་ཚོའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཆགས་ཀྱི་ཡོད། སུ་ཞིག་གིས་རང་འཚམ་གྱིས་༸སྐུའི་ཡང་སྲིད་བསྐོ་གཞག་ཞུ་ཐབས་བྱས་ཚེ། མི་དེ་ཨ་རིའི་རྒྱལ་ཁབ་ནང་འཛུལ་ཞུགས་མི་ཆོག་པ་བཟོ་རྒྱུ་དང་། བྱེད་གཏེ་སུ་ཡིན་རུང་དེའི་རྒྱུ་དངོས་ཕྱིའི་རྒྱལ་ཁབ་ལ་ཡོད་ཚེ་དེར་ཨ་རིའི་གཞུང་གིས་དོ་དམ་སྟངས་འཛིན་བྱེད་དགོས། (Interference by the Government of the People’s Republic of China or any other government in process of recognizing a successor or reincarnation of the 14th Dalai Lama and any future Dalai Lamas would represent a clear abuse of the right to religious freedom of Tibetan Buddhis ts and the Tibetan people.) ཞེས་སོགས་གསལ་ཁ་བཏོན་པ་དེ་ནི། མ་འོངས་པར་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ལ་བོད་མི་ཚོར་ཐོབ་པའི་རྒྱལ་ཁ་ཆེན་པོ་ཞིག་ཡིན།
བརྒྱད་པ། གཞོན་སྐྱེའི་ནུས་པ་སྐྱེད་སྲིང་།
ཕྱི་ལོ་ ༢༠༡༢ ལོར་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཁང་ཐོག་མར་གསར་འཛུགས་བྱས་པ་ནས། ཨ་རི་དང་ཁེ་ན་ཌ། རྒྱ་གར། ཨོ་གླིང་། བལ་ཡུལ་སོགས་ནས་ན་གཞོན་མང་པོ་ཞིག་དྷ་སར་ཆེད་བཅར་གྱིས། སྒྲིག་འཛུགས་ཀྱི་སྒྲོམ་གཞི་ལ་རྒྱུས་ལོན་དང་ལས་ཀ་བྱེད་སའི་གོ་སྐབས་བསྐྲུན། དེའི་དམིགས་ཡུལ་གཙོ་བོ་ནི་ལྔ་དང་ལྔ་བཅུའི་སྲིད་བྱུས་ནང་ན་གཞོན་ཚོས་དྲ་ལམ་གྱི་འཛིན་སྐྱོང་འོག་ནས་སྲི་ཞུ་བ་ཆགས་ཐབས་ཡིན་པ་དང་། ནུབ་ཕྱོགས་སུ་འཚར་ལོངས་བྱེད་བཞིན་པའི་ན་གཞོན་རྣམས་ལ། དྲ་ལམ་གྱི་འཛིན་སྐྱོང་ཐོག་ནས་སྲི་ཞུ་བའི་གོ་སྐབས་སྐྲུན་ཐུབ་ན། ཕྱོགས་ཡོངས་ནས་མཉམ་རུབ་ཀྱིས་སྲི་ཞུ་བྱེད་མཁན་མང་དུ་འགྲོ་རྒྱུར་རེ་བ་ཞིག་ཡོད་འདུག ཕྱི་ལོ་ ༢༠༢༠ ལོ་འགོ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ལམ་གྱི་འཛིན་སྐྱོང་བྱེད་ཐབས་ལས་དོན་འཆར་འགོད་དང་ཚོགས་ཆུང་ཟུར་འཛུགས་བྱས། བོད་གནས་གསར་འགྱུར་ནང་ཧྥ་རན་སིའི་སྐད་དང་། སི་པེ་ནི་ཤི། ཉི་ཧོང་། ཨུ་རུ་སུའི་སྐད་བཅས་ཀྱི་ཐོག་ནས་གསར་འགྱུར་ཤོད་མཁན་རྣམས། དྷ་སར་གནས་སྡོད་དང་ཆེད་བཅར་མི་དགོས་པར་ས་གནས་ས་ཐོག་ནས་དྲ་ལམ་བརྒྱུད་དེ་ལས་དོན་ཡོངས་རྫོགས་འགྲོ་འགོ་ཚུགས་པ་དང་། དེས་གཞོན་སྐྱེ་ཚོའི་ནུས་པ་སྐྱེད་སྲིང་དང་སྒྲིག་འཛུགས་ལ་སྲི་ཞུའི་གོ་སྐབས་ལེགས་པར་ཐོབ། སྔོན་དུས་སྲི་ཞུ་བ་འདེམས་སྒྲུག་གི་ཆ་རྐྱེན་ནང་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་ཨར་སི་བགྲངས་ཡོད་པ་བསྒྱུར་བཅོས་གནང་ཟིན་པ་དང་། ད་དུང་ཡང་སྲི་ཞུ་བའི་ཁོངས་སུ་ཞུགས་པར་ལག་ཁྱེར་ཨར་སི་དགོས་མཁོ་ལ་བགྲངས་ན། རྒྱ་གར་དུ་གནས་སྡོད་བྱེད་མཁན་བོད་མི་ཁོ་ན་ལ་སྲི་ཞུ་བའི་འགན་ཁུར་གཙོ་བོ་བབ་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་གར་དུ་ལོ་རེ་བཞིན་བོད་མི་ཉུང་དུ་འགྲོ་བ་བཅས་ཀྱིས་དངོས་ཡོད་གནས་ཚུལ་དང་རྒྱབ་འགལ་ཆགས་བཞིན་ཡོད། ཕྱོགས་ཡོངས་ནས་བོད་མི་ཚོས་སྲི་ཞུ་བའི་ཆ་ཤས་ལེན་ཐུབ་ཐབས་དང་། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བྱེད་མཁན་ཇི་ཙམ་ཉུང་དུ་སོང་རུང་། སྒྲིག་འཛུགས་ཀྱི་ལས་དོན་ལ་དོ་ཕོག་མི་འགྲོ་བའི་ཐབས་ལམ་བཟང་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་འདུག
ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ཟླ་ ༨ པ་སོ་སོར་ལྔ་དང་ལྔ་བཅུ་ན་གཞོན་ཚོགས་འདུ་ཐེངས་གཉིས་དང་། ན་གཞོན་ཚོགས་འདུའི་སྐབས་རྒྱལ་ཁབ་འདྲ་མིན་ནང་ལས་རིགས་ཡག་པོ་གཉེར་མཁན་དང་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཐོབ་མཁན། རྒྱུན་དུ་བོད་པའི་སྤྱི་ཚོགས་དང་སྒྲིག་འཛུགས་ལ་འབྲེལ་བ་དེ་ཙམ་མེད་མཁན་མང་པོ་བཅར་ཡོད་ཅིང་། གཏམ་བཤད་དང་སྒྲིག་འཛུགས་ངོ་སྤྲོད་བཅས་ཀྱི་ལས་གཞི་མང་པོས། བོད་དོན་གྱི་གོ་རྟོགས་མཐོར་འདེགས་དང་སེམས་ཤུགས་སྐྱེད་པ་སོགས་ཕན་རླབས་ཆེན་པོ་ཐོན་ཡོད། འོན་ཀྱང་བོད་པའི་སྤྱི་ཚོགས་ཀྱི་དྲ་ལམ་ཁག་ཏུ་ན་གཞོན་ཚོའི་བོད་སྐད་ལ་སྐྱོན་བརྗོད་ཙམ་ལས། ན་གཞོན་དེ་དག་གིས་བཤད་པའི་སྐད་ཆའི་ནང་དོན་ལ་དབྱེ་ཞིབ་སོགས་མཐོང་རྒྱུ་མེད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནང་འཚར་ལོངས་བྱུང་བའི་ན་གཞོན་མང་པོས། བོད་སྐད་ཚུར་གོ་ཡང་ཕར་བཤད་མི་ཤེས་པའི་ཐོག་བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཆུང་བའི་གནས་སྟངས་དངོས་ཡོད་ཡིན། སྟབས་མ་ལེགས་པ་ཞིག་ལ་རྒྱ་བལ་འབྲུག་གསུམ་དུའང་། བོད་ཀྱི་སྐད་ཡིག་དང་རིག་གནས་མི་ཤེས་པའི་ན་གཞོན་མང་པོ་ཞིག་འཚར་བཞིན་ཡོད་པས། འཆར་གཞི་དང་སྲིད་བྱུས་འདི་འདྲ་བ་ཞིག་གྲ་སྒྲིག་མ་ཐུབ་ཚེ། མ་འོངས་པར་གནས་སྟངས་དེ་བས་ཛ་དྲག་ཆགས་རྒྱུ་ཡིན་པ་གནས་སྟངས་འདི་ནས་ཚོད་དཔག་བྱེད་ཐུབ་ཀྱི་ཡོད། བཙན་བྱོལ་བོད་མིའི་མི་རབས་གསར་པའི་གནས་བབ་འདི་འདྲ་ཞིག་གི་མཚམས་ནས་སྐྱོབ་ཆེད་དུ། ལྔ་དང་ལྔ་བཅུའི་སྲིད་བྱུས་བཏིང་པ་དེ་ཕྱི་མ་དྲགས་ན་སྔ་མ་དྲགས་བའི་གནས་སྟངས་ཆགས་ཡོད་ལ། འདི་ནི་ཆུ་མ་འོངས་སྔོན་ལ་རག་དང་རྐྱེན་མ་འོངས་སྔོན་ལ་ལྡོག་པ་ཞིག་ཡིན་པར་ངོས་འཛིན་ཐུབ་དགོས།
འཛིན་རིམ་བཅུ་པའི་སློབ་མ་རྣམས་དྷ་སར་ཆེད་བསྐོངས་ཀྱིས་འགོ་ཁྲིད་ཟབ་སྦྱོང་གནང་པ་དང་། སྲིད་སྐྱོང་མཆོག་སློབ་གྲྭ་ཁག་ཡོངས་རྫོགས་ལ་ཆེད་བཅར་གྱིས་སློབ་སྦྱོང་ཐད་དམིགས་བཀར་སྐུལ་མ་གནང་པ་དང་། སྔོན་དུ་ཨ་རིར་སློབ་སྐྱོད་འདེམས་སྒྲུག་སྐབས་ཨིན་ཡིག་གི་གནས་ཚད་ཚོད་བལྟའི་ཡིག་རྒྱུགས་གཏོང་དགོས་པ་དང་། དེའི་ཕྱོགས་བསྡོམས་སྐར་གྲངས་ ༡༢༠ ནས་ཉུང་མཐར་ ༩༠ ཡན་ལོན་དགོས་པའི་རྐྱེན་གྱིས། ཨ་རིར་སློབ་སྐྱོད་ལས་གཞིའི་ནང་སྙན་ཞུ་འབུལ་མཁན་ ༢༠ ཙམ་ལས་ཡོང་གི་མེད། ཕྱི་ལོ་ ༢༠༠༩ ལོར་ས་མིག་གྲངས་ ༡༠ ཡོད་ཀྱང་ཡིག་རྒྱུགས་འཕྲོད་མཁན་ ༦ ལས་བྱུང་མེད་པས་ས་མིག་དེ་དག་སྐོང་དགོས་མིན་ཐད་སྤྱི་ཚོགས་སུ་ལབ་གླེང་སྣ་ཚོགས་བྱུང་མྱོང་ཡོད་པར་བརྟེན། སྐབས་བཅུ་བཞི་པའི་བཀའ་ཤག་གི་ངོས་ནས་དཀའ་ངལ་དེའི་རིགས་སེལ་ཆེད་དུ། ཕྱི་ལོ་ ༢༠༡༣ ལོ་ནས་ཨིན་ཡིག་གི་གནས་ཚད་ཀྱི་སྐར་གྲངས་སྔོན་འགྲོའི་ཆ་རྐྱེན་ཁོངས་སུ་མ་བཞག་པར་ཚོད་ལྟའི་སྐབས། སྙན་ཞུ་འབུལ་མཁན་མི་གྲངས་ ༩༠ ལྷག་དང་དེ་ནས་ལོ་རེ་བཞིན་མང་དུ་སོང་། བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཀྱི་སྐོར་ཡིག་རྒྱུགས་བཏང་ནས། བརྒྱ་ཆ་ ༥༠ ནས་ཉུང་མཐར་བརྒྱ་ཆ་ ༡༧ ལོན་དགོས་པ་དང་། སོ་སོའི་འཛིན་རིམ་བཅུ་གཉིས་དང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐར་གྲངས་བཅས་བསྡོམས་བརྒྱ་ཆ་ ༥༠ ཡན་ལོན་མཁན་ཚོར། ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་གཉིས་དང་བོད་རིགས་གཉིས་བཅས་མི་བཞིས་ངག་རྒྱུགས་བླངས། དེ་ནས་མི་ ༡༥ རྩེ་བཏོག་གིས་ཨིན་ཡིག་གི་གནས་ཚད་ཚོད་བལྟའི་ཡིག་རྒྱུགས་ནང་ཞུགས་དགོས་པ་དང་ཉུང་མཐར་ ༡༢༠ ནས་ ༩༠ ལོན་དགོས། དེ་ནས་ཆ་ཚང་བསྡོམས་ནས་བརྒྱ་ཆ་རྩེ་གཏོག་གིས་ས་མིག་ལྟར་འདེམས་སྒྲུག་བྱེད་སྲོལ་བཏོད་པ་དེས། སློབ་གཉེར་བ་ཚོ་འཛུལ་ཞུགས་ཀྱི་གྲངས་དང་སྤུས་ཚད། འདེམས་སྒྲུག་བྱེད་ཕྱོགས་བཅས་ལ་ཕན་རླབས་ཆེན་པོ་ཐོན་ཡོད། ཨ་བོད་གཉིས་དབར་ལོ་གྲངས་བཅུ་ཕྲག་མང་པོ་སོང་བའི་སློབ་སྦྱོང་གི་ལས་གཞི་དེ། གཏན་དུ་སྒོ་རྒྱག་རྒྱུའི་ཉེན་ཁ་ནས་བསྐྱབས་ཏེ་དེང་སྐབས་སྔར་བས་དར་རྒྱས་ཕུན་སུམ་ཚོགས་པོའི་ཐོག་ནས་འགྲོ་བཞིན་ཡོད།
དགུ་པ། འཕྲོད་བསྟེན།
སྐབས་བཅུ་གསུམ་པའི་བཀའ་ཤག་གི་ལས་དུས་སུ་གཞུང་ཞབས་དང་བགྲེས་ཡོལ་ཅན། ཉམ་ཐག་གི་ཁོངས་སུ་ཡོད་པ་རྣམས་ལ་སྨན་བཅོས་ཀྱི་འགྲོ་གྲོན་ལ་གྲངས་ཀྱི་ཚད་བཀག་དང་སྨན་ཁང་གི་རིགས་ལ་ཁྱད་པར་མེད་པ། ད་ལྟའང་དེ་བཞིན་དུ་ནར་གཏོང་བྱེད་བཞིན་ཡོད་ལ། ད་དུང་སྐབས་དེར་ཡར་ཐོན་ཅན་གྱི་ལུང་པའི་ནང་དུའང་དར་སྲོལ་མེད་པ། སྨན་བཅོས་ཀྱི་འགྲོ་གྲོན་གཞུང་གིས་གཏོང་དགོས་པའི་ལམ་སྲོལ་གཞན་ཞིག་ནི། ཛ་དྲག་སྨན་བཅོས་ཟེར་ནས་དམངས་ཁྲོད་དུ་ནད་གཞིའི་དཀའ་ངལ་འཕྲད་ནས་སྒྲིག་འཛུགས་ལ་ཞུ་འབོད་བྱེད་མཁན་ཚོར། བརྒྱ་ཆ་ལ་དཔག་ནས་སྨན་བཅོས་ཀྱི་འགྲོ་གྲོན་སྤྲོད་སྲོལ་བཏོད། ཐབས་ལམ་དེས་མི་མང་བྱིངས་ལ་སྒྲིག་འཛུགས་ཀྱི་རེ་བ་གནང་པ་ལྟར་ཕན་ཐོགས་མ་བྱུང་བའི་ཐོག འཕྲོད་བསྟེན་ལས་ཁུངས་ཀྱིས་གཏོང་དགོས་པའི་སྨན་བཅོས་ཀྱི་འགྲོ་གྲོན། ཕྱིའི་རོགས་རམ་ནས་ཐོབ་པའི་ཡོང་སྒོ་ལས་ཡོངས་སུ་བརྒལ་ནས། མ་དངུལ་ནས་འགྲོ་གྲོན་གཏོང་དགོས་པའི་དཀའ་ངལ་གཅིག་མཇུག་གཉིས་མཐུད་ཀྱིས་འཕྲད། དེ་ནས་སྐབས་དེའི་བཀའ་ཤག་གིས་འཕྲོད་བསྟེན་བཀའ་བློན་དང་། འཆར་འགོད་ཀྱི་འབྲེལ་ཡོད་སོགས་ཆེད་འབོད་ཀྱིས་དཀའ་ངལ་སེལ་བའི་ཐབས་ལམ་ལ་གྲོས་བསྡུར་པ་དང་། ས་གནས་ཁག་ཏུ་རྟོག་ཞིབ་བྱས་པ་བཅས་ཀྱི་གྲུབ་དོན་དུ། ཛ་དྲག་སྨན་བཅོས་ཞེས་པ་སྒོ་བརྒྱབ་ནས་དེའི་ཚབ་ཏུ་སྨན་བཅོས་ལྟ་སྐྱོང་ལས་གཞི་ཟེར་བ་འཛུགས་རྒྱུའི་གྲོས་འཆམ།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༩ ཉིན་སྐབས་བཅུ་གསུམ་པའི་བཀའ་ཤག་གིས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་གསར་འགོད་གསལ་བསྒྲགས་གནང་ཀྱང་། ལས་གཞི་ཐོག་མར་འཆར་འགོད་བྱེད་པའི་སྐབས་ཞིབ་འཇུག་དང་ལས་འཆར་ཚད་ལྡན་མེད་ཐོག ལོ་རེར་བསྡུ་ཆ་གོང་བརྗོད་ཀྱི་དངུལ་འབོར་དེ་ཕུལ་ན། སྨན་བཅོས་ཀྱི་འགྲོ་གྲོན་ཆེད་ལོ་རེར་མཐོ་ཚད་སྒོར་འབུམ་གཅིག་བར་འཐོབ་རྒྱུ་ཡོད་ཅེས་པ་ལས། ན་ཚ་ཆེ་ཆུང་དང་སྨན་ཁང་གི་རིགས་གང་ལ་བསྟེན་གཏུགས་བྱེད་ཆོག་མིན་བཅས་གསལ་ཁ་གང་ཡང་མེད་པར་བརྟེན། ཕྱི་ལོ་ ༢༠༡༢ ཟླ་ ༤ པ་ནས་ལས་གཞི་ལག་བསྟར་བྱས་ནས་ཡུན་རིང་མ་སོང་བར། སྨན་ཁང་སྣ་ཚོགས་ནང་ནད་རིགས་ཆེ་ཆུང་སྣ་ཚོགས་སྨན་བཅོས་བྱས་པའི་འགྲོ་གྲོན་གྱི་སོང་འཛིན་འཕྲོད་བསྟེན་ལས་ཁུངས་ལ་སླེབས། འགའ་རེས་རྒྱ་གར་གྱི་སྨན་ཁང་གྲགས་ཅན་ཨཱ་པོ་ལོ་ནང་ཕྲུ་གུ་སྐྱེས་པའི་སྨན་རིན་ཁྲི་དྲུག་ལྷག་གི་སོང་འཛིན་སོགས་འཕྲོད་བསྟེན་ལས་ཁུངས་ལ་བཏང་བའི་གནས་ཚུལ་ཡང་བྱུང་ཡོད། གནས་སྟངས་དེ་འདྲའི་འོག་ནས་མི་མང་གིས་བསྡུ་ཆ་བརྒྱབ་པའི་ཡོང་སྒོ་དང་། ཕར་གཏོང་དགོས་པའི་འགྲོ་གྲོན་གཉིས་ཁ་འཐབ་རྒྱུའི་རེ་བ་གཏན་ནས་མེད་ཐོག ད་དུང་འགྲོ་གྲོན་སྔོན་དུས་ཛ་དྲག་སྨན་བཅོས་ལྟར་གཏོང་དགོས་ཆགས་པར་བརྟེན། སླར་ཡང་འཕྲོད་བསྟེན་ལས་ཁུངས་ལ་མགོ་ལས་རྨ་ཆེ་བའི་དཀའ་ངལ་འཕྲད་འགོ་ཚུགས།
ཉམས་མྱོང་དེ་དག་གཞིར་རྩར་བཟུང་ནས་འཇར་མན་རོགས་ཚོགས་སོགས་ལ་སྔ་ཕྱི་གྲོས་བསྡུར་མང་པོ་རིམ་བརྒྱུད་ཀྱིས། སྒྲིག་འཛུགས་ཀྱི་ངོས་ནས་ན་ཚའི་རིགས་དང་སྨན་ཁང་གི་ཁྱད་པར་སོགས་གཞིར་བཞག་ན་སྒྲིག་གཞི་གསར་བཟོ་གནང། རྒྱ་གར་གྱི་སྨན་ཁང་རིགས་གཅིག་ལ་དམིགས་བཀར་གན་རྒྱའི་འབྲེལ་མཐུད་གནང་སྟེ། ལྟ་སྐྱོང་ལས་གཞིའི་ནང་ཡོད་པའི་ནད་པ་སུ་འདྲ་ཞིག་ཕྱི་ལུགས་སྨན་བཅོས་བྱེད་དགོས་ཚེ། འཕྲོད་བསྟེན་ལས་ཁུངས་ལ་གན་རྒྱའི་འབྲེལ་མཐུད་ཡོད་པའི་རྒྱ་གར་གྱི་སྨན་ཁང་ཁག་ནང་འགྲོ་དགོས་པ་དང་། གཤག་བཅོས་དང་ཕྲུ་གུ་སྐྱེ་བ། སྨན་བཅོས་ཆུང་ངུའི་རིགས་བཅས་ལ་སྨན་རིན་ཐོབ་ཚད་ཀྱི་གྲངས་ཚད་གཏན་འབེབས་གནང་། ཐབས་ཇུས་གསར་གཏོད་དེས་སྔོན་ལྟར་ཚད་བརྒལ་གྱི་འགྲོ་གྲོན་གཏོང་དགོས་པ་ལས་བསྐྱབས་པ་དང་། མི་མང་འཛུལ་ཞུགས་སྟོང་ཚོ་འགའ་ཡོད་པ་རྣམས་རིམ་གྱིས་ཁྲི་ཚོ་འགའ་ཤས་ཆགས་ཐུབ་པ་སོགས་ཀྱི་འཕེལ་རྒྱས་སོང་། སྔོན་དུས་བྱུང་སོང་གི་ཧེ་བག་ཧིན་སྒོར་འབུམ་ ༧༠ ཙམ་ཤོར་གྱི་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོར་བྱུང་སོང་གི་ཧེ་བག་འབུམ་ ༢༨ ལྷག་ལས་ཤོར་མེད། ཕྱི་ལོ་ ༢༠༡༩ ལོར་སྨན་བཅོས་ལྟ་སྐྱོང་ནང་ཚོགས་མི་གྲངས་ ༢༦༤༣༢ ཆགས་ཡོད་པ་དང་། སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྨན་བཅོས་ཁོ་ན་ལ་ཚོགས་དངུལ་བྱུང་བ་ཁག་ནས་འགྲོ་སོང་བཏང་ཚེ་ཁ་འཐབ་ཐུབ་པ་ཆགས་ཡོད། དེ་བཞིན་རྩིས་ལོ་ ༢༠༡༡༌༌༌༡༢ ནང་འཕྲོད་བསྟེན་ལས་ཁུངས་ཀྱི་རང་བདག་མ་དངུལ་སྒོར་ ༡༧,༣༣༢,༩༠༤ ༼ ས་ཡ་བཅུ་བདུན་དང་སུམ་འབུམ་སུམ་ཁྲི་ཉིས་སྟོང་དགུ་བརྒྱ་བཅུ་མེད་བཞི། ༽ ཙམ་ཡོད་པ་དང་། རྩིས་ལོ་ ༢༠༡༨༌༌༌༌༡༩ ནང་འཕྲོད་བསྟེན་ལས་ཁུངས་ཀྱི་རང་བདག་མ་དངུལ་སྒོར་ ༤༧,༥༧༢,༥༧༧ ༼ ས་ཡ་བཞི་བཅུ་ཞེ་བདུན་དང་ལྔ་འབུམ་བདུན་ཁྲི་ཉིས་སྟོང་ལྔ་བརྒྱ་བདུན་ཅུ་དོན་བདུན། ༽ ཙམ་ཡོད་པས། རང་བདག་མ་དངུལ་ཕར་ཆ་བ་སྒོར་ ༣༠,༢༣༩,༦༧༣ ༼ ས་ཡ་སུམ་ཅུ་དང་ཉིས་འབུམ་སུམ་ཁྲི་དགུ་སྟོང་དྲུག་བརྒྱ་བདུན་ཅུ་དོན་གསུམ། ༽ འཕར་ཡོད།
ལུས་བདེ་ཐང་དང་ན་ཚ་སྔོན་འགོག་ཡང་ན་དྲག་སྐྱེད་ཡོང་བར་སྨན་བཅོས་ཁོ་ནས་འགྲིག་ཐབས་མེད་པ་དང་། ལུས་སེམས་བདེ་ཐང་ཡོང་བར་མིའི་ལུས་ཀྱི་འགུལ་སྐྱོད་ནི། སྨན་རིགས་བཟས་པ་ལས་ཕན་ཐོགས་ཆེ་བ་ཡོད་པ་གནའ་དེང་གི་སྨན་ལུགས་མང་པོས་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ད་དུང་ནད་མནར་གྱི་དཀའ་ངལ་སེལ་ཐབས་དང་ན་གཞོན་ཚོའི་ལུས་སེམས་འཚར་ལོངས། དམིགས་བསལ་ན་གཞོན་ལས་མེད་རིགས་མང་ས་ཇི་ཙམ་ལུས་སྦྱོང་ཁང་དང་རྩེད་ཐང་མང་ན། བཟི་སྨན་ལང་ཤོར་དང་ཐ་མག་ཁ་སོགས་ངན་གོམས་རིགས་གཏན་འགོག་དང་ཉུང་དུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པར་བརྗོད། དེར་བརྟེན་གཞིས་ཆགས་ཁག་ཏུ་ལུས་སྦྱོང་ཁང་དང་རྩེད་ཐང་སོགས་ཉམས་གསོ་དང་གསར་བཟོ་བཅས་ཀྱི་ཆེད་དུ་ཧིན་སྒོར་ས་ཡ་མང་པོའི་ལས་གཞི་སྤེལ་བའི་ཁྲོད་ནས། ཕྱི་ལོ་ ༢༠༡༥ ནས་ ༢༠༡༩ ལོ་མཇུག་བར་རྐང་རྩེད་པོ་ལོའི་རྩེད་ཐང་གསར་རྒྱ་ ༡༢ དང་ཉམས་གསོ་ ༨ དང་། ལག་རྩེད་པོ་ལོའི་རྩེད་ཐང་གསར་རྒྱག་ ༡༧ དང་ཉམས་གསོ་ ༤ གནང། དེང་དུས་ཀྱི་ཡོ་ཆས་ལྡན་པའི་ལུས་སྦྱོང་ཁང་གསར་རྒྱག་ ༡༧ གནང་ཡོད་འདུག་པ་རྣམས། གཞིས་མི་གཞོན་དར་རྒན་གསུམ་གྱིས་བེད་སྤྱོད་ལེགས་པོ་བྱེད་བཞིན་ཡོད་པའི་ཐོག མཚམས་རེར་རྩེད་འགྲན་བསྡུར་བ་སོགས་མི་མང་འདུ་འཛོམས་ཀྱི་ལས་གཞི་ལའང་ཕན་རླབས་ཆེན་པོ་ཐོན་བཞིན་ཡོད།
ད་དུང་ལས་གཞི་དེར་རོགས་རམས་གཙོ་བོར་གནང་མཁན་ཨ་རིའི་རྒྱལ་སྤྱི་རོགས་སྐྱོར་ལས་ཁུངས་ཀྱིས། ཆེས་མཐོའི་ངོས་འཛིན་གྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལ་ལེགས་གསོལ་གྱི་ཕྱག་ཁྱེར་གནང་བའི་ནང་འཁོད་དོན། ༼ བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་འཕྲོད་བསྟེན་ལྷན་ཁང་གི་ངོས་ནས། འབད་བརྩོན་དང་བློས་གཏོང་ཆེན་པོས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྒྲོམ་གཞི་སྲ་བརྟན་དང་མི་འབོར་འཕེལ་རྒྱས། ཕན་ནུས་ལྡན་པའི་ནུས་སྟོབས་གོང་མཐོར། ལས་འཆར་ཚད་ལྡན་བསྒྲིགས་པ་སོགས་ལ། ཨ་རིའི་རྒྱལ་སྤྱི་འཕེལ་རྒྱས་ལྟེ་གནས་ཁང་ནས་ལེགས་གསོལ་བསྔགས་བརྗོད་ཀྱི་ཕྱག་ཁྱེར་འདི་ཕུལ་བ་ཡིན། ༽ ཞེས། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ཉིན་སྲིད་སྐྱོང་གི་ལས་དུས་དང་པོའི་དམ་འབུལ་ཉིན་དང་། ལས་དུས་དང་པོའི་དམ་འབུལ་གནང་ནས་ལོ་ལྔ་ཏག་ཏག་འཁོར་བའི་ཉིན་དེར་གནང་། ལེགས་གསོལ་དེ་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས། ༼ ཨ་རིའི་རོགས་ཚོགས་ནས་འཕྲོད་བསྟེན་ལས་ཁུངས་དང་མཉམ་དུ་ཕྱག་ལས་གནང་རྗེས། ལེགས་གསོལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་བ་རེད། གཞི་རྩའི་བོད་མིའི་སྒྲིག་འཛུགས་ལ་ལྷན་ཁང་མང་པོ་ཡོད་ནའང་། ཕྱིའི་རྒྱལ་ཁབ་ནས་གཟེངས་བསྟོད་བྱ་དགའ་ཐོབ་མཁན་ཕལ་ཆེར། བཀའ་ཤག་སྐབས་བཅུ་བཞི་པ་དང་བཅོ་ལྔ་པའི་སྐབས་སུ་འཕྲོད་བསྟེན་ལས་ཁུངས་ཁོ་ན་ཡིན་ཟེར་ན་ཆོག ༽ ཅེས་གསུངས།
གཞན་གྱི་ལུང་པར་སྐྱབས་བཅོལ་དུ་གནས་པའི་བོད་མི་ཚོར་མཚོན་ན། གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་དང་སྒྲིག་འཛུགས་ཀྱི་བལྟ་སྐྱོང་འོག་ནས། དེང་སྐབས་ཉམ་ཐག་ཅེས་འཚོ་བའི་ཐད་ལ་གཡས་སྐྱོར་གཡོན་སྐྱོར་བྱེད་བཞིན་པ་ལས། དོན་དངོས་ཀྱི་ཉམ་ཐག་མཛུབ་མོའི་རྩེ་ནས་གྲངས་ཀ་ཐེབས་པའི་ཚད་དུ་ཡོད་པ་ནི། བཙན་བྱོལ་བ་ཞིག་གི་གནས་སྟངས་ལ་བསམ་ན་ཆེས་དགའ་བ་སྒོམ་དགོས་པ་ཞིག་ཡིན་ཟེར་ཆོག རང་བཙན་ཡོད་པའི་རྒྱལ་ཁབ་ཨ་ཧྥི་རི་ཁའི་ས་ཁུལ་ཁག་དང་། བྷང་ལ་ལྡེ་ཤི ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནང་ཡོད་པའི་ཉམ་ཐག་ས་ཡ་མང་པོའི་གནས་སྟངས་དང་བསྡུར་ན། བོད་པའི་ཉམ་ཐག་རྣམས་འབྱོར་ལྡན་ཡིན་ཟེར་ན་མི་ཆོག་པ་གང་ཡང་མེད། འོན་ཀྱང་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་གནས་སྟངས་བཟང་ངན་གང་ཞིག་ཡིན་རུང་འགྲེལ་བཤད་ལོག་པ་མ་གཏོགས་རྒྱག་མི་སྲིད་པ་དང་། བོད་པའི་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་ནས་གནས་ཚུལ་དེའི་རིགས་བརྒྱུད་འགོད་བྱས། ད་དུང་མི་ཚང་འགའ་ཤས་ལ་དཀའ་ངལ་ཡོད་རབས་ཀྱི་གནས་ཚུལ་དེ། ཆེས་ཛ་དྲག་ཏུ་བརྩིས་བའི་གནས་སྟངས་དེའི་ཐོག་ནས། སྒྲིག་འཛུགས་ཀྱིས་མི་མང་བྱིངས་ཀྱི་གནས་སྟངས་གཟིགས་སྐྱོང་དང་རང་ཁ་རང་གསོའི་ཐབས་ལམ་སྲ་བརྟན་གནང་ཡོད་པའི་བདེན་དཔང་ངོ་མ་དེ་ཆགས་ཡོད། རྒྱུ་མཚན་ནི་བཙན་བྱོལ་སྤྱི་ཚོགས་ཞིག་ནང་མི་ཚང་རེ་འགའ་ལ་མ་གཏོགས་དཀའ་ངལ་མེད་པ་དེ་ནི། མིའི་སྤྱི་ཚོགས་དང་ལྷག་དོན་བཙན་བྱོལ་བའི་སྤྱི་ཚོགས་ཤིག་ལ་མཚོན་ན། ཆེས་དགའ་དགོས་པའི་གནས་ཚུལ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཆོག །
བཅུ་པ། ཆོས་ཕྱོགས་དང་འབྲེལ་བའི་ལས་དོན།
གོང་ས་མཆོག་གིས་ཕྱི་ལོ་ ༡༩༩༥། ༢༠༠༥། ༢༠༠༨། ༢༠༡༠། ༢༠༡༡། བཅས་ཀྱི་ནང་། བཙུན་དགོན་ཁག་ནང་སློབ་གཞི་གཏན་འབེབས་དང་ཡིག་ཚད་ཀྱི་ལམ་ནས་སློབ་ཐོན་ཚོར་མཚན་གནས་རྗེས་འབྲེལ་གྱི་ལག་ཁྱེར་སྤྲོད་ཕྱོགས་ཀྱི་ཐབས་ལམ་འཚོལ་དགོས་པའི་བཀའ་སློབ་རིམ་ཕེབས་ལ་བརྟེན། འབྲེལ་ཡོད་ཆོས་བརྒྱུད་ཚང་མའི་སྐུ་ཚབ་དང་བཙུན་དགོན་ཁག་གི་སྐུ་ཚབ་སོགས་ལྷན་འཛོམས་ཀྱིས་གོ་བསྡུར་ཐེངས་མང་གནང་། དེ་ནས་ཡུན་རིང་མ་སོང་བ་ཆོས་བརྒྱུད་སོ་སོའི་ལུགས་དང་མཐུན་པ་དགེ་བཤེས་མ་དང་མཁན་མོ། སློབ་དཔོན་སོགས་ཀྱི་མཚན་གནས་འབུལ་ཕྱོགས་ནང་ཁུལ་གཏན་འབེབས་ཀྱིས་མཚན་གནས་རྗེས་འབྲེལ་གྱི་ལག་ཁྱེར་གཏན་འབེབས་གནང་ཡོད། ཆོས་བརྒྱུད་དགེ་ལུགས་ཀྱི་ཁུངས་སུ་གཏོགས་པའི་བཙུན་དགོན་ཁག་གིས་གདན་སའི་དགེ་ལུགས་རྒྱུགས་སྤྲོད་དང་ཕྱོགས་མཚུངས་པ་ཡོང་ཆེད་དུ། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ནས་ཉིན་གྲངས་གཉིས་རིང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ནས་བཙུན་དགོན་མི་ཉུང་བ་ཞིག་གི་སྐུ་ཚབ་རྣམས་ལྷན་འཛོམས་གནང་། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༧ ནས་ཉིན་གྲངས་གསུམ་རིང་གངས་སྐྱིད་དུ་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་མི་དགུ་ལྷན་ཚོགས་ཐེངས་དང་པོ་བྱས། ལོ་དེའི་ཟླ ༥ ཚེས་ ༢༢ ཉིན་རྡ་སའི་ཉེ་འགྲམ་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ། དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་འགོ་འཛུགས་ཀྱིས་ཚེས་ ༣ ཉིན་ཡོངས་སུ་ལེགས་གྲུབ་བྱུང་།
དེ་ནས་ལོ་རེ་བཞིན་དགེ་ལུགས་རྒྱུགས་སྤྲོད་ཀྱི་འགྲོ་སྟངས་བཞིན་བཙུན་མ་ཚོ་གཞུང་ཆེན་ཁག་ལ་རྩོད་རྒྱུགས་དང་འབྲི་རྒྱུགས་ཀྱི་བྱེད་སྒོར་ཞུགས་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་༢༢ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ། གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམས་ལྷན་ཞུགས་ཀྱིས། གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་སོན་བྱུང་བའི་སྐབས་དང་པོའི་བཙུན་མ་རྣམས་ལ་དགེ་བཤེས་མའི་མཚན་རྟགས་ཀྱི་ཕྱག་ཁྱེར་བསྩལ།
སྐབས་དེར་གོང་ས་མཆོག་གིས། ༼ འཛམ་གླིང་ཐོག་བྱམས་བརྩེ་སྤེལ་བའི་སྐབས་ཀྱི་དུས་རབས་འདིར། བུད་མེད་ཀྱིས་ནུས་ཤུགས་ཆེ་ཙམ་བྱེད་དགོས་ཀྱི་འདུག་ཅེས་ངས་ནམ་རྒྱུན་བཤད་ཀྱི་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཡིན་ནའང་དེ་བཞིན་རེད། བུད་མེད་ཀྱི་ཐོབ་ཐང་དང་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ཡོང་ཆེད་མཐོང་ཡར་སླེབས་དགོས་པ་དང་། བུད་མེད་རང་ངོས་ནས་གཞུང་ཆེན་བསླབས་ནས་གཞུང་ཆེན་ཐོག་དགེ་རྒན་བྱེད་པ་སོགས་མང་ཙམ་ཡོང་ན་དེ་གནད་འགག་འདུག རབ་བྱུང་མའི་ནང་གཞུང་ཆེན་བསླབ་རྒྱུ་ངས་ཐག་བཅད་ནས་དགེ་བཤེས་མ་སླེབས་ཐུབ་པ་བྱུང་ན་ཡག་པོ་འདུག་ཅེས་བཤད་པའི་རྒྱབ་ལྗོངས་དེ་འདྲ་རེད། ༽ ཅེས་གསུངས།
ལམ་སྲོལ་བཏོད་པ་གཞིར་བཟུང་དགེ་བཤེས་མ་རིམ་ཐོན་བྱས་པ་དང་། དགེ་བཤེས་མ་རྣམས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཟུར་སྦྱོང་འཆད་ཁྲིད་སློབ་གཉེར་གནང་ནས། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡ ཉིན་དགེ་བཤེས་མའི་སྔགས་ཀྱི་རྒྱུགས་སྤྲོད་ཐེངས་དང་པོའི་ཕྱག་ཁྱེར་བསྩལ། གང་ལྟར་ཕྱི་ལོ་ ༢༠༡༣ ནས་འགོ་འཛུགས་ཀྱིས་ ༢༠༢༠ ལོའི་བར་དགེ་བཤེས་མ་ ༤༣ དང་། རྒྱུད་སྟོད་དུ་སྔགས་སློབ་སྦྱོང་ཐོན་པ་ ༣༣ བཅས་ཡོད་འདུག གཡུང་དྲུང་བོན་གྱི་བཙུན་དགོན་ནས་ཕྱི་ལོ་ ༢༠༢༡ ལོར་དགེ་བཤེས་མ་འཐོན་རྒྱུ་ཡིན་པ་སོགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དགེ་བཤེས་མ་ཚོའི་བྱུང་རིམ་དེ་ལྟར་ཡིན།
༸གོང་ལ་མཆོག་གིས་ནང་པའི་གནས་ཆེན་བརྒྱད་ལ་བདེ་བཤེགས་མཆོད་རྟེན་རྣམ་བརྒྱད་གསར་བཞེངས་སྐོར་བཀའ་སློབ་ཕེབས་པའི་དགོངས་དོན་བཞིན། སྐབས་བཅུ་བཞི་པའི་བཀའ་ཤག་གི་འཆར་འགོད་ལྟར་ཆོས་རིག་ལས་ཁུངས་ཀྱི་འགན་ཁུར་འོག་ནས་རྒྱ་གར་གྱི་གནས་ཆེན་བདུན་ནང་མཆོད་རྟེན་བདུན་དང་། ཕྱི་ལོ་ ༢༠༡༧ ལོར་དུས་འཁོར་དབང་ཆེན་ལེགས་གྲུབ་བྱུང་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་བཀའ་འཁྲོལ་འོག་ནས། སྟོན་པ་བཅོམ་ལྡན་འདས་རྒྱུན་རིང་དབྱར་གནས་བཞུགས་ཡུལ་རྒྱལ་པོའི་ཁབ་ཏུ། དེང་སྐབས་སྐྱེད་ཚལ་བཟོས་ཏེ་ཡུལ་སྐོར་སྤྲོ་འཆམ་འགྲོ་སའི་གནས་ཁྱད་པར་ཅན་འོ་མའི་ཚལ་གྱི་དཀྱིལ་དུ། ཕྱི་ལོ་ ༢༠༡༨ ལོར་དབྱེན་ཟླུམ་མཆོད་རྟེན་བཞེངས་ནས་འཕགས་ཡུལ་ནང་པའི་གནས་ཆེན་བརྒྱད་ཀ་ལ། བདེ་གཤེགས་མཆོད་རྟེན་རྣམ་བརྒྱད་ལེགས་པར་བཞེངས། ཕྱོགས་གཞན་ཞིག་ནས་སྔོན་དུས་ཉི་ཧོང་སོགས་ནང་པའི་རྒྱལ་ཁབ་མང་པོས་རྒྱ་གར་འཕགས་པའི་ཡུལ་དུ། གནས་ཆེན་ཁག་ཏུ་མཆོད་རྟེན་ཉམས་གསོ་དང་ཆོས་ཚོགས་སོགས་མང་པོ་བཞེངས་པ་དང་། དམིགས་བསལ་བོད་ལ་མཚོན་ན་བོད་བརྒྱུད་ནང་བསྟན་ཆ་ལག་ཚང་བ་རྣམས་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་དང་། ཕྱིས་སུ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་ཡུལ་གྱི་ལྟེ་གནས་ཀྱང་ལུང་པ་དེ་ཆགས་ཀྱི་ཡོད་པར་བརྟེན། ལོ་བརྒྱ་ཕྲག་དང་སྟོང་ཕྲག་གི་རྗེས་སུ་གནས་ཆེན་དེ་དག་ནང་བཞེངས་པའི་མཆོད་རྟེན་རྣམས་ནི། འཕགས་བོད་གཉིས་དབར་ཆོས་དང་འཇིག་རྟེན་གཉིས་ཀའི་ཆ་ནས་འབྲེལ་བཟང་མཚོན་པའི་དྲན་རྟེན་གྱི་རྡོ་རིང་ཞིག་ཆགས་ཡོད།
ཕྱི་ལོ་ ༢༠༡༨ ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ཀེག་འཁེལ་ཡོད་པ་དང་། ལོ་དེར་དགུང་ཀེག་སྔ་བསུ་དང་ ༢༠༡༩ དངོས་གཞི་ ༢༠༢༠ ཕྱི་མཇུག་བཅས་ཀྱི་སྐབས། གནས་ཆེན་ཁག་ཏུ་མཆོད་རྟེན་ཡོངས་རྫོགས་བཞེངས་གྲུབ་པའི་དགེ་བའི་མཐུ་ལས་སྐུ་ཁམས་གསལ་ཐང་དང་། དགུང་ཀེག་སྐབས་ལྷ་དང་ལྷ་མོའི་བཀའ་ལུང་ལྟར་དམིགས་བསལ་བླ་ཆེན་དབུ་ཁྲིད་རྣམ་པ་ཚང་མར་ཐུགས་དམ་ཞུས་པ། ཆོས་སྐྱོང་ཁག་ལ་བཀའ་ལུང་ཞུས་ཏེ་དམིགས་བསལ་ཞབས་རིམ་གསོག་སྒྲུབ་དང་། བཀའ་ཤག་སྐབས་བཅུ་བཞི་དང་བཅོ་ལྔ་གཉིས་ཀའི་རིང་གཞུང་འབྲེལ་བརྟན་བཞུགས་ཐེངས་མང་ཕུལ་པའི་སྐལ་བཟང་ཐོབ། བླ་མའི་སྐུ་ཚེ་ཡུན་དུ་བཞུགས་པར་བླ་སློབ་ཀྱི་དམ་ཚིག་དང་བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱེད་དགོས་པས། ༸རྒྱལ་བའི་བཀའ་སློབ་དགོངས་དོན་དང་ཆོས་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་གསར་གཏོད་ཀྱི་ཐོག་ནས། ཕྱི་ལོ་ ༢༠༡༤ ལོར་སྐབས་དང་པོ་དངོས་སུ་འགོ་བཙུགས་ཀྱིས་ ༢༠༡༩ ལོར་སློབ་ཐོན་ལེགས་གྲུབ་དང་། སྐབས་གཉིས་པ་ ༢༠༡༥ ནས་འགོ་འཛུགས་ཟིན་པ་རྣམས་སློབ་ཐོན་མཇུག་སྒྲིལ་གྱི་མཚམས་སུ་རྒྱ་ནག་གི་ནད་ཡམས་ཀྱིས་གནས་སྐབས་ཕར་འགྱངས་བྱས་དགོས་བྱུང་ཡོད། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་། རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ནས། ཆོས་ཚོགས་ཐེངས་བཅུ་བཞི་པ་གཟབ་རྒྱས་ངང་བསྐོང་ཚོགས་དང་། དམིགས་སུ་བཀར་ནས་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་གལ་ཆེན་པོ་གསུམ་གྱི་ཐོག ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་དབུ་ཁྲིད་རྣམ་པ་དང་ཚོགས་བཅར་བ་ཡོངས་ཀྱིས་སྤྱི་མོས་ཐོག་ནས་དམིགས་བསལ་གྲོས་ཆོད་བཞག
༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༤ ལོར་ལྷ་སའི་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་ྋདཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་བསྩལ་བ་ནས། རྒྱ་གར་དང་ཨ་རི་སོགས་ཀྱི་རྒྱལ་ཁབ་འདྲ་མིན་ནང་དབང་ཆེན་ཐེངས་ ༣༣ བར་བསྩལ་པའི་ཁྲོད་དུ་མི་རིགས་འདྲ་མིན་སྣ་ཚོགས་ཆོས་ཞུ་ལ་བཅར་ཡོད། དམིགས་བསལ་བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་པ་དང་། དེའི་ནང་ནས་༧གོང་ས་མཆོག་དང་ལས་དང་སྨོན་ལམ་གྱི་ཐོག་ནས་ཐུན་མོང་མ་ཡིན་པའི་འབྲེལ་ཆགས་བོད་མི་རྣམས་ལ་མཚོན་ན། མི་ཚེའི་ནང་དུས་འཁོར་དབང་ཆེན་ཐེངས་གཅིག་ཐོབ་ན་ཚེ་འདི་ཕྱི་གཉིས་ཀྱི་ལས་དོན་བླ་ན་མེད་པ་ཞིག་ཏུ་ངོས་འཛིན་བྱས། འོན་ཀྱང་དུས་འཁོར་དབང་ཆེན་སྐབས་མི་མང་འདུ་ཚོགས་ཆེ་བས་ས་གནས་ཁག་གི་ཚོང་ལས་ཀྱི་བབ་དང་བསྟུན་ནས་ལམ་གྲོན་དང་སྡོད་གནས་སོགས་འགྲོ་སོང་ཆེན་པོ་རང་བཞིན་གྱིས་ཆགས་ཀྱི་ཡོད་པར་བརྟེན། མི་མང་ཉམ་ཐག་དང་སློབ་མ་དྭ་ཕྲུག་གི་རིགས་སོགས་དབང་ཞུ་བར་བཅར་འདོད་ཀྱང་བཅར་མི་ཐུབ་པའི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། དེ་དག་ལ་དམིགས་ནས་འགྲོ་སོང་དང་གྲ་སྒྲིག་སྦྱིན་བདག་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་འགན་ཁུར་འོག་ནས། ༧གོང་ས་མཆོག་ལ་དུས་འཁོར་དབང་ཆེན་ཐེངས་ ༣༤ པ་སྩོལ་གནང་བའི་སྙན་སེང་ཞུ་སྐབས་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོས། ཕྱི་ལོ་ ༢༠༡༦ ལོ་འགོར་གནང་གཏན་འཁེལ་རུང་སྐུའི་འཕྲོད་བཞེས་སོགས་དང་འབྲེལ་ནས་ལོ་གཅིག་ཕར་འགྱངས་གནང་དགོས་བྱུང་ཡོད། དེ་རྗེས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣ ནས་ ༡༤ བར་སྔོན་འགྲོའི་གསུང་ཆོས་དང་དངོས་གཞི་དུས་འཁོར་དབང་ཆེན། མཇུག་ཏུ་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཐུགས་གཏན་འཁེལ་བ་བཞིན་དུ་གྲ་སྒྲིག་ཞུས།
དུས་དབང་ ༣༤ པ་དེ་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་ཇི་ལྟར་གསོལ་བ་ལྟར་གནང་ཐེངས་དང་པོ་ཆགས་ཡོད་ཅིང་། གསོལ་འདེབས་ཞུ་མཁན་གཙོ་བོ་དང་གོ་སྒྲིག་ཞུ་མཁན་བཅས་ཚང་མ་བོད་མིའི་སྒྲིག་འཛུགས་ཡིན་སྟབས། གོ་སྒྲིག་ཚོགས་ཆུང་ནང་ཆོས་རིག་དང་བདེ་སྲུང་དང་། འཕྲོད་བསྟེན་བཀའ་བློན་བཅས་ཀྱིས་འགན་ཁུར་གཙོ་བོར་བཞེས་ཏེ། ས་གནས་མངའ་སྡེའི་གཞུང་དང་རྫོང་བཅས་ལ་ཆུ་དང་གསང་སྤྱོད། གློག འཕྲོད་བསྟེན། མི་མང་གི་སྡོད་གུར་སྐོར་སྲུང་བ། ལྷག་པར་༸སྐུ་ཕྱྭ་དང་འབྲེལ་བའི་སྲུང་སྐྱོབ་སོགས་དབུས་སའི་སྲིད་གཞུང་གཉིས་ལ་ཆེད་བཅར་གྱིས་ཚོགས་འདུ་རིམ་པ་འཚོགས། དམིགས་བསལ་མི་མང་དཀའ་ངལ་ཅན་རྣམས་ལ་དབང་ཆེན་ཐོབ་པའི་ཆེད་དུ་རོགས་འདེགས་བྱེད་ཕྱོགས་རྣམས་ལྷན་ཁང་ཁག་ལ་ཆ་བགོས་བྱས་པའི་ནང་། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་གཞིས་ཆགས་ཁག་ཏུ་ཡོད་པའི་རྒས་གཅོང་དང་ཕྲུ་གུ་སོགས་ཀྱི་བལྟ་རྟོག་བྱེད་མཁན་མེད་པའི་རྒན་གྲས་རིགས། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་མ་དྭ་ཕྲུག་དང་ཕ་མ་འཁྲིས་ལ་མེད་མཁན་གྱི་རིགས། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་གཞོན་སྐྱེས་ནད་མནར་གྱི་རིགས། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་མཚམས་བསྙེན་སྒྲུབ་ལ་བཞུགས་མཁན་གྲྭ་བཙུན་སྔགས་གསུམ་བཅས། ཆོས་ཞུ་འདོད་ཡོད་ཀྱང་དཔལ་འབྱོར་གྱི་གནས་སྟངས་ཞན་པོ་ཡོད་མཁན་ལས་ཁུངས་སོ་སོའི་ཁོངས་ནས་ཐོ་བསྡུས་ནས། རྡོར་གདན་དུ་མར་འཁྲིད་ནས་བསྡད་ས་དང་ཞལ་ལག་ཚུན་ཆད་གྲ་སྒྲིག་བྱས།
ཡང་གོང་གི་ཉམ་ཐག་ཁོངས་སུ་མ་གཏོགས་ཀྱང་། འགའ་རས་ཕ་མ་རྒས་འཁོགས་རྣམས་ཨུ་ཚུགས་བརྒྱབ་ནས་འཁྲིད་ཡོང་སྐབས་མི་ཚོགས་ཧ་ཅང་ཆེ་བས་སྐབས་མི་ཤི་སྐྱོན་ཆག་རིགས་ཡོང་སྲིད་པས། འདས་གྲོངས་རིགས་ཀྱི་གནས་ཚུལ་ལྷག་ན་སྨོན་ལམ་གསུང་མཁན་དགེ་འདུན་གདན་འདྲེན་ཞུ་རྒྱུ་དང་ཕུང་པོ་སྲེག་སྦྱོར་ཆེད་སྣུམ་དང་ཤིང་གྲ་སྒྲིག་བཅས་ལ་དཀའ་ངལ་ཡོད་སྟབས། དང་བླངས་ཐོག་ཞབས་ཞུ་བ་ཡོད་མིན་ལ་མ་ལྟོས་པར་གྲ་སྒྲིག་ཚང་མ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་ཚོགས་ཆུང་གིས་གནང། སྐབས་དེར་རྒྱ་གར་གཞུང་གིས་དངུལ་ལོ་བརྗེ་སྒྱུར་གྱིས་ལུང་པ་ཁྱོན་ཡོངས་ལ་དངུལ་དམར་དཀོན་པོ་དང་། ལྷག་དོན་དངུལ་འདོན་འཕྲུལ་ཆས་མང་པོ་ཞིག་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་རུང་། བྷིར་ཧར་མངའ་སྡེ་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་རེ་འདུན་བཞིན་ཆོས་ཞུ་བ་ཚོར་དམིགས་ནས། རྡོར་གདན་དུ་དངུལ་འདོན་འཕྲུལ་ཆས་བཞི་བཅུ་ལྷག་ཙམ་ཆེད་འཛུགས་གནང་པ་སོགས་ཆོས་ཞུ་བ་རྣམས་ལ་སྔོན་དང་མི་འདྲ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པོ་གྲ་སྒྲིག་ཞུས་ཡོད།
ཟླ་དེའི་ཚེས་ ༡༤ ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡོངས་སུ་ལེགས་པར་གྲུབ་པའི་མཛད་སྒོའི་ཐོག སྲིད་སྐྱོང་མཆོག་གིས། ༼ བོད་མིའི་སྒྲིག་འཛུགས་ནས་གསོལ་བ་བཏབ་པ་གཞིར་བཟུང་གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་ ༣༤ པ་གནང་རྒྱུའི་བཀའ་བཞེས་བཟང་པོ་གནང་སྟེ། བདུན་ཕྲག་གཉིས་རིང་སྔོན་འགྲོའི་གསུང་ཆོས་དང་དབང་ཆེན་བཀའ་དྲིན་བསྐྱངས་པས། དམིགས་བསལ་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་ན། གནས་མཆོག་རྡོ་རྗེ་གདན་ལས་རྩ་ཆེ་བ་ཞིག་མེད་པས་འདིར་དུས་དབང་ཐོབ་པ་དེ་ཧ་ལས་པའི་བསོད་ནམས་ཆེན་པོ་ཡིན་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དུས་འཁོར་དབང་ཆེན་ཐོབ་པ་གཞིར་བཟུང་འགན་གཙོ་བོ་དེ་བླ་མ་དང་སློབ་མའི་དབར་གྱི་དམ་ཚིག་གཙང་མ་དགོས་པ་དང་། སྤྱི་པའི་བསོད་ནམས་ག་ཚོད་ཀྱིས་དར་སྤེལ་གཏོང་ཐུབ་པ་ཡིན་ན་བོད་སྤྱི་པའི་རྩ་དོན་ལ་ཕན་པ་དང་། གོང་ས་མཆོག་སྐུ་ཚེ་རིང་པོར་བཞུགས་པ་དང་སྐུ་གཟུགས་གསལ་ཐང་ཡོང་བར་དགེ་ཕན་ཡོད།
དུས་དབང་གི་རྗེས་སུ་བཀའ་གནང་བ་རྣམས་ཡིད་ལ་བཅངས་ཏེ་ཚང་མས་ལག་ལེན་བསྟར་དགོས་པ་དང་། ད་ལན་གྱི་དུས་འཁོར་དབང་ཆེན་ཡག་ཐག་ཆོད་དང་ཚགས་ཚུད་ཐག་ཆོད་བྱུང་ཡོད་ཀྱང་། གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་སྙོབ་ས་དེ་འདྲ་བྱུང་ཡོད་ན་དགོངས་སེལ་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་ ༡༤ དང་ ༡༥ པས་གལ་ཆེ་དོན་ཆེན་དུ་རྩི་བཞིན་ཡོད་པ་ལྟར། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་འབྱོར་བ་ཅན་ཚོས་སོ་སོའི་བུ་ཕྲུག་དང་ཉམ་ཐག་སྐྱོ་པོའི་རིགས་ལ་རོགས་རམ་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་གྱི་གཞོན་སྐྱེས་སྐྱེད་སྲིང་བྱེད་པར་སྔར་ལྷག་ནུས་པ་འདོན་དགོས་པ་དང་། བོད་མིའི་སྲོག་རྩར་གྱུར་བའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་དོ་འཁུར་ཤུགས་ཆེན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། ༽ ཞེས་སོགས་ཀྱི་གསུང་བཤད་གནང་། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༦ ལ།།