༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༤ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བདམས་ཐོན་སྲིད་སྐྱོང་བོད་མི་མང་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་དང་། སྐབས་ ༡༧ པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པར་དགའ་བསུའི་འཚམས་འདྲི་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། དེ་རིང་དབུས་འོས་བསྡུ་ལས་ཁུངས་ནས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་སྤེལ་ཡོད་སྟབས། བཀའ་ཤག་གི་ཚབ་བྱས་ཏེ་བདམས་ཐོན་སྲིད་སྐྱོང་དང་། བདམས་ཐོན་སྤྱི་འཐུས་རྣམ་པ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། འོས་བསྡུའི་རྒྱལ་ཁ་ཐོབ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།
བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་ཞལ་པར་ཕུལ་པ་ཡིན། བཀའ་ཤག་གི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཁོང་གི་ལས་ཡུན་རིང་ཕྱག་ལས་ལེགས་གྲུབ་ཡོང་བར་ཤོག་ཅེས་སྨོན་འདུན་ཞུས་ཡོད།
བཀའ་ཤག་ནས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༦ ཉིན་དམ་བཅའ་འབུལ་ན་ཞེས་ཐག་གཅོད་བྱས་པ་ཡིན། གང་ཡིན་ཞེ་ན། བཅའ་ཁྲིམས་དགོངས་དོན་ལོ་ལྔའི་ཉིན་མཐའ་མ་དེ་ཕྱི་ཚེས་ ༢༦ ཉིན་འཁེལ་གྱི་ཡོད་པ་དང་། དེ་བཞིན་ས་ག་ཟླ་བའི་ཚེས་ ༡༥ དང་རེས་གཟའ་ལྷག་པ་འཁེལ་གྱི་ཡོད་སྟབས། ཚེས་བཟང་དུས་བཟང་ཉིན་དམ་བཅའ་འབུལ་བ་ཡིན་ན་རྟགས་རྟེན་འབྲེལ་སོགས་གང་ཅིའི་ཐད་ནས་ཡག་པོ་ཡོང་གི་རེད་བསམ་པའི་ཐོག་ནས་དེ་ཉིན་དམ་བཅའ་འབུལ་རྒྱུ་དང་། གལ་ཏེ་རྒྱ་གར་རྒྱལ་ཡོངས་སུ་དམ་བསྒྲགས་གནང་བ་དང་ཧི་མ་ཅཱལ་མངའ་སྡེའི་ནང་མི་གྲངས་ལྔ་ལས་ལྷག་འཛོམས་མ་ཆོག་པའི་དམ་བསྒྲགས་མུ་མཐུད་ཕར་འགྱངས་གནང་བ་ཡིན་ནའང་དྲ་ལམ་བརྒྱུད་དམ་བཅའ་འབུལ་རྒྱུར་བཀའ་ཤག་ནས་གྲ་སྒྲིག་གང་ཐུབ་ཅི་ཐུབ་གནང་གི་ཡིན། ཞེས་ཞུས་ཡོད།
བདམས་ཐོན་སྲིད་སྐྱོང་མཆོག་ལ་བཀའ་ཤག་གི་ངོས་ནས་སྒེར་དྲུང་དང་སྐུ་སྲུང་མཐུན་འགྱུར་སྦྱར་དགོས་ཀྱི་ཡོད་པ་དེ་དག་ཆ་ཚང་སྦྱར་ཡོད། དེ་དང་འབྲེལ་བའི་མཐུན་འགྱུར་གཞན་གང་སྦྱོར་དགོས་ཀྱི་ཡོད་ནའང་བདམས་ཐོན་སྲིད་སྐྱོང་མཆོག་གིས་འབྲེལ་བ་གནང་རོགས་ཞེས་ཞུས་ཡོད། བཀའ་དྲུང་དང་སྒེར་དྲུང་བརྒྱུད་ནས་འབྲེལ་བ་གནང་བ་ཡིན་ན། བཀའ་ཤག་གི་ངོས་ནས་མཐུན་འགྱུར་གང་ཐུབ་ཅི་ཐུབ་སྦྱོར་གྱི་ཡིན། ཞེས་ཞུས་ཡོད།
སླར་ཡང་བདམས་ཐོན་སྲིད་སྐྱོང་དང་བདམས་ཐོན་སྤྱི་འཐུས་རྣམ་པ་ཡོངས་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད། དེ་བཞིན་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད། ཐུགས་རྗེ་ཆེ་ཞེས་གསུངས།།