༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡ ཉིན་ཐའེ་ཝན་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་རིས་མེད་ཆོས་ཚོགས་བརྒྱ་ལྷག་ལས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཐེངས་དང་པོའི་འཛམ་གླིང་ཞི་བདེ་ཆོས་ཞུ་སྨོན་ལམ་ཆེན་མོ་གོ་སྒྲིག་དང་། ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་གསུང་ཆོས་དང་དྲི་བར་བཀའ་ལན། དེ་བཞིན་སེམས་བསྐྱེད་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད།
དེ་ཉིན་སྔ་དྲོ་ཐའེ་ཝན་གྱི་ཆུ་ཚོད་ ༩ ཐོག་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་དགེ་བཤེས་འཕྲིན་ལས་ལགས་ཀྱིས་སྨོན་ལམ་གོ་སྒྲིག་ཞུས་པའི་བརྒྱུད་རིམ་དང་དོན་སྙིང་ངོ་སྤྲོད་གནང་རྗེས། སྐུ་མགྲོན་ཐའེ་པེ་གྲོང་ཁྱེར་སྲིད་གཞུང་གི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ལྕམ་ཧོང་ཧྲན་ཧྲན་ལགས་ཀྱིས་གསུང་བཤད་གནང་བ་དང་། ཁོང་གིས་༸གོང་ས་མཆོག་གིས་ཐའེ་ཝན་ནང་ཐུགས་སྨོན་མཛད་གནང་བར་ཐུགས་རྗེ་ཆེ་སོགས་ཞུས།གཞན་ཡང་སྐུ་མགྲོན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་རྙིང་གཉིས་དང་། སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་༧མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༧ངག་དབང་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བཅས་ཀྱིས་གསུང་བཤད་དང་བཀའ་སློབ་གནང་མཇུག་སྨོན་ལམ་དངོས་གཞི་དབུ་འཛུགས་བསྐྱངས།
ཆུ་ཚོད་ ༡༡།༢༥ ཙམ་ལ་༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་གྱི་བརྙན་པར་ཐོག་ནས་མཇལ་མ་ཐག ཚོགས་ཞུགས་ཡོངས་ཡར་བཞེངས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་རྒྱ་ལུགས་ཀྱི་ཤེས་རབ་སྙིང་པོ་འདོན་དབྱངས་བཅས་གྲུབ་རྗེས། ༸གོང་ས་མཆོག་གིས་ཤེས་རབ་སྙིང་པོ་བཀའ་འཁྲིད་དང་དྲི་བར་བཀའ་ལན། དེ་བཞིན་སེམས་བསྐྱེད་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བར་དད་ལྡན་ཆོས་ཞུ་བ་རྣམས་ལ་སྐོམ་པ་ཆུ་འདོད་ཀྱི་བསྐལ་བཟང་ཆོས་འབྲེལ་ཐོབ་ནས་དགའ་བ་ཆེན་པོའི་ངང་སྐད་བཟང་མཐོན་པོས་༸གོང་ས་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞེས་དང་། མགོན་པོ་མཆོག་ཐའེ་ཝན་ནང་ཆིབས་སྒྱུར་ཐུབ་རྒྱུར་རེ་སྒུག་ཞུ་བཞིན་ཡོད་སྐོར་ཞུས། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མིང་འཛིན་པ་སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་ཆོས་རྗེ་སྣང་བ་རིན་པོ་ཆེ་མཆོག་དང་། ཚོགས་ཆུང་གི་སྐུ་ཚབ་སྤྲུལ་སྐུ་འཆི་མེད་རྡོ་རྗེ་རིན་པོ་ཆེ་ནས་༸གོང་ས་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་དང་། ཐའེ་ཝན་མི་མང་གི་རེ་འདོད་མགོན་པོ་གང་ཉིད་ཐའེ་ཝན་ནང་ཆིབས་སྒྱུར་ཐུབ་པའི་སྙན་གསན་སྒྲོན།ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་གཙོ་བོ་ཝུ་ཧན་ནད་ཡམས་ཀྱིས་རྐྱེན་པས་འཛམ་གླིང་སྐྱེ་འགྲོ་འདས་གྲོངས་སུ་སོང་བ་རྣམས་དང་། དེ་བཞིན་ཐའེ་ཝན་ནང་ཚབས་ཆེའི་མེ་འཁོར་བརྡབ་སྐྱོན་སྐབས་འདས་གྲོངས་སུ་གྱུར་བ་རྣམས་ལ་ཆོས་ཕྱོགས་ཀྱི་བསྔོ་བ་སྨོན་ལམ་གསོག་འདོན་གནང་རྗེས། སྐུ་མགྲོན་ཁོངས་ཐའེ་ཝན་ནང་ཡོད་པའི་རྒྱ་ནག་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོའི་སྐུ་ཚབ་དགེ་སྐོང་ཅིང་གཡའོ་དང་། ནང་པའི་བྱམས་བརྩེ་བརྙན་འཕྲིན་གྱི་འགན་འཛིན་མཁན་པོ་ཧྥ་ཙང་བཅས་ནས་ཆོས་ལུགས་མཐུན་སྒྲིལ་དང་། ༸གོང་ས་མཆོག་གི་རླབས་ཆེའི་དགོངས་གཞི་སོགས་སྐོར་གསུངས་བཤད་གནང་རྗེས། སྲིད་འཛིན་ལྕམ་ཚའེ་དབྱིང་ཝན་ལགས་ཀྱི་སྐུ་ཚབ་ཏུ་མང་གཙོ་ཡར་ཐོན་ཚོགས་པའི་ཆོས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཡུའུ་ལགས་ཀྱིས་འཚམས་འདྲི་དང་གསུངས་བཤད་གནང་།མཐའ་མ་བོད་བརྒྱུད་དང་། རྒྱ་བརྒྱུད། གནས་བརྟན་སྡེ་པ་བཅས་ཀྱི་དགེ་འདུན་དང་བཙུན་མ་ ༡༠༨ ཀྱིས་བཀའ་བསྟན་བསྣམས་ཏེ་ཚོགས་རྭ་ཡོངས་ལ་བྱིན་འབེབས་དང་། ཚོགས་ཞུགས་ཡོངས་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་ནས་ཉིན་གཅིག་རིང་གི་སྨོན་ལམ་གསུང་ཆོས་ལེགས་པར་གྲུབ།གོ་སྒྲིག་ཚོགས་ཆུང་ནས་ངོ་སྤྲོད་གནང་བ་ལྟར་ན། དེ་ཉིན་ཐའེ་ཝན་གྱི་ཚོགས་ཁང་ཐོག་རྩེགས་བདུན་པའི་ཚོམས་ཆེན་ནང་མི་གྲངས་ ༢༥༠༠ ལྷག་དང་། ཐོག་རྩེགས་དང་པོའི་ཚོམས་ཆེན་ནང་མི་གྲངས་ ༢༠༠༠ ལྷག་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱ་གར་དང་། བལ་ཡུལ། ཨ་རི། སུད་སི། བྷེལ་ཇམ། སིང་གྷ་པོར། མ་ལེ་ཤེ་ཡ། བོད་ས་མཚོ་སྔོན་སོགས་ཀྱི་དགོན་སྡེ་དང་། ཆོས་ཚོགས་ཁག་ནས་དུས་མཉམ་སྨོན་ལམ་གསུང་འདོན་གནང་གི་ཡོད་པ་རེད།
ཐེངས་འདིའི་འགྲོ་གྲོན་ཡོངས་རྫོགས་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་རང་རང་བློས་བཅད་ཞལ་འདེབས་ཡིན་པ་དང་། དངུལ་འབབ་ལྷག་མ་རྣམས་རྒྱ་གར་ནང་ཛ་དྲག་ཏོག་དབྱིབས་ནད་ཡམས་ཆེད་ཞལ་འདེབས་འབུལ་རྒྱུའི་གསལ་བསྒྲགས་བཅས་གནང་།