༄༅། །ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་འགྲོ་བ་མིའི་ཐོང་ཐང་གོང་འཕེལ་རྒྱབ་སྐྱོར་ཚོགས་པས་ཉི་ཧོང་གི་གྲོས་ཚོགས་འོག་མའི་ཚོགས་ཁང་དུ་བོད་དོན་སླད་ཉན་ཞིབ་གནང་སྐབས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱིིའི་སྐོར་དང་། ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་སྐོར་འགྲེལ་བརྗོད་གནང་ཞིང་། ཉན་ཞིབ་ཀྱི་ལས་རིམ་ཉི་ཧོང་གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་གནང་བ་དང་། ཉི་ཧོང་གི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་གྲངས་ ༣༠ ཙམ་བོད་དོན་ཉན་ཞིབ་ཀྱི་ཚོགས་འདུར་མཉམ་ཞུགས་གནང་ཡོད།
ཉི་ཧོང་གི་ཁྲིམས་ལུགས་མང་གཙོ་ཆབ་སྲིད་ཚོགས་པ་ (the Constitutional Democratic Party) ནས་ཡིན་པའི་ཉི་ཧོང་གྲོས་ཚོགས་འཐུས་མི་སྐུ་ཞབས་ནཱ་ཀ་གཱ་ཝ་མ་ས་ཧ་རུ་ (Nakagawa Masaharu) ལགས་ཀྱིས་བོད་དོན་ཉན་ཞིབ་ལས་རིམ་དབུ་འབྱེད་སྐབས་གསུང་དོན། འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཕྱི་འབྲེལ་གྱི་ལས་འགན་བཅས་ལ་ཐུགས་འཁུར་བཞེས་ཏེ་ཉི་ཧོང་གྲོས་ཚོགས་འགྲོ་བ་མིའི་ཐོང་ཐང་གོང་འཕེལ་རྒྱབ་སྐྱོར་ཚོགས་པ་བཙུགས་པ་ཡིན། ཞེས་གསུངས།ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཝ་ཊ་ན་བྷེ་ཤུ་ (Watanabe Shu) ལགས་ཀྱིས། དེ་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཉན་ཞིབ་འདི་ནི་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པས་བོད་ནང་གི་གནས་སྟངས་དང་བོད་ཀྱི་གནད་དོན་སྐོར་རྒྱུས་ལོན་དང་རྒྱབ་སྐྱོར་བྱ་རྒྱུའི་ཆེད་དུ་ཡིན། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་འགྲེལ་བརྗོད་གནང་རྒྱུ་ཡིན་པས་ང་ཚོ་དགའ་པོ་བྱུང་། ཞེས་གསུངས།ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ལ་ད་ལྟའི་བོད་ནང་གི་གནས་སྟངས་སྤྱིའི་སྐོར་དང་། ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས། ཉི་ཧོང་གཞུང་གིས་བོད་དོན་སླད་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་བཅས་དོན་ཚན་གཙོ་བོ་གསུམ་གྱི་ཐོག་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གཞུང་གིས་ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་བ་བཞིན། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པས་ཀྱང་ཉི་ཧོང་གི་གྲོས་ཚོགས་སུ་དེ་ལྟ་བུའི་ཁྲིམས་གཏན་འབེབས་གནང་དགོས་པའི་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པར་རེ་སྐུལ་ཞུས་པ་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་འདུག་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་མ་ཟད། བོད་མི་ཚོ་དོན་མེད་འཛིན་བཟུང་བཀག་ཉར་དང་། མནར་གཅོད་འོག་འདས་གྲོངས་སུ་གྱུར་པ། དགོན་སྡེ་ཁག་གཏོར་བཤིག་བཏང་བ། སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སྦྱོང་འཇུག་གི་མེད་པ་སོགས་ཀྱི་སྐོར་གསུངས། ཊོ་ཀི་ཡོ་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་ས་ཊོ་ཤིས་ཧི་ར་ནོ་ (Dr. Satoshi Hirano) ལགས་ཀྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་དཔལ་འབྱོར་ཡར་རྒྱས་ཀྱི་སྲིད་བྱུས་ཟེར་བ་ལག་བསྟར་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་གཏོར་བཏང་དང་གཏོང་བཞིན་པའི་སྐོར་གསུངས།
གཞན་ཡང་ཁོང་གིས། རྒྱ་ནག་གཞུང་གིས་ཧན་མི་རིགས་བོད་ཀྱི་ས་ཁུལ་ཁག་གི་ནང་གནས་སྤོ་བཅུག་པ་དང་། བོད་ཀྱི་སློབ་གྲྭ་ཁག་ཏུ་སློབ་ཚན་ཚང་མ་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱས་ཏེ་བོད་ཀྱི་རིག་གཞུང་དང་ངོ་བོ་སོགས་ཡོངས་རྫོགས་རྒྱ་ནག་ཅན་དུ་སྒྱུར་བཞིན་པའི་སྐོར་གསུངས།
ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་དགེ་རྒན་ཆེན་མོ་ས་ཊོ་ཤིས་ཧི་ར་ནོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམ་པའི་བཀའ་འདྲི་ཁག་ལ་ལན་འདེབས་གནང་ཡོད། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་སུ་བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་འཐབ་རྩོད་བྱེད་བཞིན་པར་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམ་པས་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་གནང་ཡོད། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཛད་རྣམ་རྗེས་དྲན། རྐུ་ལ་ཤོར་བའི་བོད་ཀྱི་བྱིས་པ། ཞེས་པའི་དཔེ་དེབ་ཉི་ཧོང་གྲོས་ཚོགས་འཐུས་མི་རེར་ཕུལ་ཡོད་པ་བཅས།།