༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྲིད་སྐྱོང་གི་ལས་ཡུན་ལོ་བཅུ་འཁྱུར་ལ་ཉེ་བ་དང་བསྟུན། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢ ཉིན་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་ཚོགས་པ་ཐུན་མོང་ནས་དྲ་ལམ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགའ་བསུའི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་དགའ་བསུའི་ལས་རིམ་ཐོག་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་ (Arif Virani) མཆོག་དང་། ཁེ་ན་ཊའི་གྲོས་ཚོགས་འཐུས་མི་ཇེམ་སི་མི་ལོ་ནི་ (James Maloney) མཆོག གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་གྷར་ནེ་ཌེ་ཇི་ནེ་སི་ (MP Garnett Genius) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ (Alexis Brunelle-Duceppe) མཆོག གྲོས་ཚོགས་འཐུས་མི་ (Paul Manly) མཆོག གྲོས་ཚོགས་འཐུས་མི་ (Mobina Jaffer) མཆོག གྲོས་ཚོགས་འཐུས་མི་ (ThanhHai Ngo) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལི་ཛེ་བྷེ་ཐི་མེའི་ (Elizabeth May) མཆོག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་དང་། ཚོགས་གཞོན་ (Gayle Turner) ལགས་སོགས་མཉམ་ཞུགས་གནང་ཡོད།
དེ་ཡང་ལས་རིམ་གྱི་ཐོག་མར་དེ་སྔ་དཔལ་ལྡན་སྲིད་སྐྱོང་མཆོག་ཁེ་ན་ཌ་དང་ཨོན་ཊེ་རིར་བོད་དོན་ཞུ་གཏུག་ལས་འགུལ་དང་། གཞན་ཡང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་ཐུག་འཕྲད་སོགས་གནང་བའི་སྐབས་ཀྱི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་ཡོད།
སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་འདས་པའི་དུས་ཡུན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་རྩ་དོན་དང་བོད་མིའི་ཆེད་ལས་དོན་ཧུར་ཐག་གནང་བ་དང་། བབོད་མིའི་སྒྲིག་འཛུགས་ཀྱི་་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ལས་དོན་གནང་ཕྱོགས་སོགས་ཀྱི་ཐད་ཡི་རང་བསྔགས་བརྗོད་ཞུས་གནང་ཡོད།
དེ་རྗེས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ངོ་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཡང་དག་པ་གནང་པའི་བརྒྱུད་བོད་དོན་ཆེད་ཕྱག་ལས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མུ་མཐུད་བོད་དོན་ཆེད་ལས་དོན་སྒྲུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་སོགས་གསུངས།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་མཆོག་ལ་ལས་རིམ་འདི་ལྟ་བུ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ངོས་ནས་མུ་མཐུད་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་བཅས།།