༄༅། །དེ་རིང་ནི་བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད་མིའི་རྣམ་པར་རོལ་བ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ། ཡོངས་གྲགས་སུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་པའི་ཉིན་མོ་དེ་ཡིན་ཞིང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་བོད་ཀྱི་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་འོས་སྤྲུལ་ས་བོན་དུ་མའི་ནང་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་གསལ་བསྒྲགས་མཛད་ཡོད་པ་དང་། དེ་ནི་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་རོལ་ནས་བྱུང་བའི་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་སྲོལ་དང་ཡོངས་སུ་མཐུན་པ་ཞིག་ཡིན། དེ་ལྟར་ངོས་འཛིན་གསལ་བསྒྲགས་མཛད་རྗེས་ཉིན་གསུམ་པ་སྟེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ཡབ་ཡུམ་དང་ནང་མི། བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་པ་ནས་ད་ཉིན་བར་མི་ལོ་ ༢༦ ཧྲིལ་པོ་ཕྱིན་ཡོད་པ་རེད།
དེ་སྐབས་ཆུང་སྲིད་རིན་པོ་ཆེ་དགུང་གྲངས་དྲུག་ལས་སོན་མེད་པས། འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་གཞོན་ཤོས་དེ་ཆགས་ཡོད་པ་དང་། བྱིས་པ་ལོ་གཞོན་དེ་འདྲ་ཉེས་མེད་བཙན་ཁྲིད་བྱས་པ་ནི་སྤྱིར་མི་སྤྱོད་ལས་འདས་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྱད་པར་བྱིས་པའི་ཐོབ་ཐང་གི་ཁྲིམས་ལུགས་ཁག་དང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད། ལྷག་པར་དུ་རྒྱ་ནག་གཞུང་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་ཡང་སྤྲུལ་ངོས་འཛིན་བྱེད་ཕྱོགས་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་གང་སར་ཐེ་བྱུས་ཀྱིས་དེ་དག་སྲིད་དོན་གྱི་ལག་ཆར་མཁོ་སྤྱོད་བྱེད་སླད། བཀའ་རྒྱ་ཨང་ ༥ པ་ཟེར་བ་སོགས་ཁྱབ་བསྒྲགས་བྱས་ཡོད་པ་ནི། བོད་ཀྱི་ཆོས་དང་རིག་གཞུང་ལ་ཁྱད་གསོད་དང་། བོད་མི་ས་ཡ་དྲུག་གི་ཆོས་དད་དང་སེམས་ཚོར་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཆགས་ཡོད་ན། ད་རེས་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ཐ་ཞན་དེ་དག་ལ་བློ་ཕམ་ཚད་མེད་དང་སྦྲགས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་བརྗོད་རྒྱུ་ཡིན།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༩༥ ལོར་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། བྱིས་པའི་ཐོབ་ཐང་ཚོགས་ཆུང་། བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་ལས་དོན་ཚོགས་ཆུང་། མནར་གཅོད་ཁ་གཏད་ཚོགས་ཆུང་སོགས་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་ཁག་དང་། རྒྱལ་སྤྱིའི་ཚོགས་པ་གཞན་བཅས་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་རྒྱུས་ལོན་དང་གློད་བཀྲོལ་ཡོང་ཐབས་སུ་ཞུ་གཏུག་ལན་མང་གནང་ཡོད་པ་མ་ཟད། པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཞིབ་རྩད་གནང་མཁན་རང་དབང་ལྡན་པའི་ཁྱད་མཁས་མི་སྣའི་ཚོགས་ཆུང་གཏོང་དགོས་པའི་རེ་སྐུལ་ཡང་ཞུས་ཡོད། དེ་བཞིན་ཡུ་རོབ་གྲོས་ཚོགས་དང་། ཨ་རི། ཨིན་ཡུལ། ཁེ་ན་ཌ་སོགས་རྒྱལ་ཁབ་མང་པོའི་གྲོས་ཚོགས་དང་། སྲིད་གཞུང་། རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་ཡིན་གསལ་བཤད་དང་གློད་བཀྲོལ་གཏོང་དགོས་པའི་གྲོས་ཆོད་དང་། སྙན་ཐོ་སོགས་བཏོན་ནས་འབོད་སྐུལ་གནང་ཡོད། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་མང་པོས་ཀྱང་ལས་འགུལ་རྒྱུན་མ་ཆད་པར་སྤེལ་དང་སྤེལ་མུས་ཡིན་ཡང་། རྒྱ་ནག་གཞུང་ནས་ད་བར་དུ་ཚང་མའི་ཁ་འགོག་ཐབས་ཀྱི་ལན་ཐུང་གཅིག་ཁོ་ན་བསྐྱར་ཟློས་བྱས་པ་ལས། དངོས་ཡོད་གནས་སྟངས་དང་མཐུན་པའི་འགན་ཁུར་ལན་འདེབས་ཤིག་རྩ་བ་ནས་བྱས་མེད། འདི་ལོའི་ཟླ་ ༤ ཚེས་ ༢༡ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོའི་ནང་བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་མུ་མཐུད་བྱེད་ཀྱི་ཡོད་སྐོར་གསལ་པོ་འཁོད་ཡོད།
དེ་རིང་གི་དུས་ཚིགས་འདིའི་སར། བདེ་བར་གཤེགས་པ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་མཛད་པ་རྣམ་ཐར་ལའང་རྗེས་དྲན་ཞུ་དགོས་པ་ཞིག་ཆགས་ཡོད་པས། གནད་བསྡུས་ཙམ་ཞིག་ཞུས་ན། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གིས་བཙན་བཟུང་གིས་བོོད་མི་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་དགོས་པའི་དུས་ངན་ཤར་སྐབས། ༸ཀུན་གཟིགས་པཎ་ཆེན་གོང་མ་མཆོག་ནས་བོད་མི་རིགས་ཀྱི་བདེ་ཐབས་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སླད་དུ། ཐོག་མར་རྒྱའི་སྤྱི་ཁྱབ་འགོ་འཁྲིད་རྣམས་ལ་ཞི་འཇམ་ཐབས་མཁས་ཀྱིས་བློ་འགུག་གནང་ཐབས་དང་། བར་དུ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་ནས་བོད་མིའི་བདེན་དོན་ཞུ་གཏུག་གནང་ཡོད་པ། བདེན་པའི་སྙན་ཞུ་དེར་ངོས་ལེན་བདག་སྤྲོད་བྱ་རྒྱུའི་ཚབ་ཏུ་མི་ལོ་ ༡༤ རིང་བཙོན་ཁང་དུ་ཚུད་པ། མཐར་བཙོན་གྲོལ་ཐོབ་རྗེས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སླར་གསོའི་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད་པ་མ་ཟད། བོད་ཀྱི་བསྟན་སྲིད་རྩ་དོན་ཐོག་འཇིགས་ཞུམ་བག་ཚ་ཡེ་ནས་མེད་པའི་སེངྒེའི་ང་རོ་བསྒྲགས་དང་སྒྲོག་བཞིན་པར་སྐུ་སྲོག་བློས་བཏང་མཛད་པའི་དཔའ་བོ་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། དེ་རིང་གི་དུས་ཚིགས་འདིའི་ཐོག་ཕྲན་ནས་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ༸ཀུན་གཟིགས་པཎ་ཆེན་གོང་མ་མཆོག་གི་མཛད་པ་རྣམ་ཐར་ལ་ཚད་མཐོའི་གུས་འདུད་དང་། སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད།
༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ན་ཤིན་ཏུ་ཕྲ་སྐབས་ནས་བཙན་ཁྲིད་བྱས་ཏེ། ད་བར་མི་ལོ་ ༢༦ རིང་གར་སོང་ཆ་མེད་དུ་གྱུར་ནས་གནས་སྟངས་ངོ་མ་རྩ་བ་ནས་ཤེས་རྟོགས་མ་ཐུབ་པར་བརྟེན། ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་ནང་མི། བཀྲས་ལྷུན་བྱ་བྲལ་རིན་པོ་ཆེ། ཁོང་དང་འབྲེལ་ཡོད་མི་སྣ་གཞན་བཅས་པ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་རེ་སྐུལ་ནན་པོ་བྱ་རྒྱུ་ཡིན། ཉེ་ཆར་ཨ་རིའི་ཕྱི་སྲིད་མགྲིན་ཚབ་པས་གསུངས་དོན་ལྟར། རྒྱ་ནག་གཞུང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་ཚང་མས་ཤེས་པ་བཟོ་དགོས་པ་དང་། པཎ་ཆེན་རིན་པོ་ཆེ་ང་ཚོ་ཚང་མས་དངོས་སུ་མཇལ་རྒྱུའི་གོ་སྐབས་ངེས་པར་བསྐྲུན་དགོས།
དེ་རིང་གི་དུས་དྲན་འདིའི་སར། བོད་མིའི་སྒྲིག་འཛུགས་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་རྗེས་དྲན་ལོ་རྒྱུས། ‘Tibet’s Stolen Child: Remembering the Story of the 11th Panchen Lama-Gedhun Choekyi Nyima’ ཞེས་པའི་དཔེ་དེབ་དེ་སྒོ་འབྱེད་བྱེད་ཀྱི་ཡོད། དཔེ་དེབ་དེའི་ཐོག་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་རིགས་བཅས་པ་སྲུང་སྐྱོབ་ཆེད་དཀའ་སྡུག་ཚད་མེད་བཞེས་པའི་ལོ་རྒྱུས་ལ་རྗེས་དྲན་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་འཐོབ་ཐབས་ཀྱི་ལས་འགུལ་འགྲོ་མུས་ཁག་གཞི་རྒྱ་ཆེ་རུ་གཏོང་རྒྱུ། རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་སྐུ་འཁོར་བཅས་པའི་གནས་སྟངས་རྟོག་ཞིབ་བྱེད་མཁན་རང་དབང་ལྡན་པའི་ཚོགས་ཆུང་ཞིག་འཛུགས་གཏོང་དགོས་པའི་འབོད་སྐུལ་གནང་རྒྱུ་བཅས་ཀྱི་ལས་འགུལ་ཁག་སྔར་ལས་ལྷག་པ་སྤེལ་ཐབས་སུ་དམིགས་ཏེ་པར་སྐྲུན་བྱས་པ་ཞིག་ཡིན།
མཐའ་དོན། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གང་དུ་བཞུགས་ཡོད་རུང་། བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པ་དང་། མི་རིང་བར་རང་གི་གདན་སར་འཁོད་ནས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་གོང་མ་རིམ་བྱོན་གྱི་མཛད་པ་རྣམ་པར་ཐར་པ་བདག་གིར་བཞེས་ཐུབ་པ། བདག་ཅག་ཡོངས་ནས་གང་གི་གསེར་ཞལ་རིན་པོ་ཆེ་མགྱོགས་ནས་མྱུར་དུ་མཇལ་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༧ ལ་སྤེལ།། །།