༄༅། །༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་ཁོང་དང་ཁོང་གི་ནང་མི་ལྷན་རྒྱས་དང་བྱ་བྲལ་རིན་པོ་ཆེ་བཅས་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༦ འཁོར་བའི་དུས་ཚིགས་ཐོག་སུད་སི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༧ ཉིན་དྲ་རྒྱའི་ལམ་ནས་བགྲོ་གླེང་ཞིག་བསྐོང་ཚོགས་གནང་ཡོད།
བགྲོ་གླེང་ཐོག་རྒྱ་ནག་གཞུང་གིས་ད་དུང་ཡང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་རང་ཉིད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་བཅུག་གི་མེད་པ་ཙམ་མ་ཟད། གང་དུ་ཡོད་མེད་སྦེད་གསང་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མིན་པའི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ཐག་གཅོད་བྱ་རྒྱུའི་ལམ་ལུགས་ཐོག་ཐེ་བྱུས་བྱེད་བཞིན་ཡོད་སྐོར་གྲོས་བསྡུར་གནང་ཡོད།
སྐབས་དེར་ཨ་རིའི་བོད་སོག་ནང་ཆོས་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་ཨ་ཀྱཱ་རིན་པོ་ཆེ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་སི་པེག་ས་ (Mr. Mikulas Peksa Czech) ལགས་བཅས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་ཨ་རིའི་བོད་སོག་ནང་ཆོས་རིག་གཞུང་བསྟི་གནས་ཁང་འགན་འཛིན་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་གིས་སྐབས་དེར་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་དང་ནང་མི། བྱ་བྲལ་རིན་པོ་ཆེ་བཅས་ཇི་ལྟར་བཙན་འཁྲིད་བྱས་ཡོད་སྐོར་དང་། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་འཚོལ་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་པར་བརྟེན་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་ལ་ཁོང་དང་ཁོང་གི་ནང་མི་ལྷན་རྒྱས་དང་བྱ་བྲལ་རིན་པོ་ཆེ་བཅས་བཙན་འཁྲིད་བྱས་ཡོད།
༸ཀུན་གཟིགས་པཎ་ཆེན་སྐུ་གོང་མ་མཆོག་གིས་བོད་མི་རིགས་ཀྱི་བདེ་ཐབས་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སླད་ཐོག་མར་རྒྱའི་སྤྱི་ཁྱབ་འགོ་ཁྲིད་རྣམས་ལ་ཞི་འཇམ་ཐབས་མཁས་ཀྱིས་བློ་འགུག་གནང་ཐབས་དང་། རྒྱ་ནག་དམར་པོའི་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་ནས་བོད་མིའི་བདེན་དོན་ཞུ་གཏུག་གནང་ཡོད། ཞུ་གཏུག་དེས་རྒྱ་ནག་གཞུང་གིས་སྲིད་བྱུས་ངན་པ་བཏིང་བའི་ཐོག་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སོགས་རྩ་གཏོར་གཏོང་བཞིན་ཡོད་སྐོར་སོགས་གསལ་པོ་འཁོད་ཡོད། རྒྱ་ནག་གཞུང་གིས་དྲག་དམག་བརྒྱུད་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་རྩད་འཚོལ་གྱི་ལམ་ལུགས་ཐོག་ཐེ་བྱུས་བྱེད་ཡོད་སྐོར་སོགས་གསུངས།
དེ་ནས་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་དང་ནང་མི་སོགས་བཙན་འཁྲིད་བྱས་པའི་རྗེས་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་ཟེར་བ་པཎ་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་བྱས་ཡོད། གནད་དོན་འདི་ནི་དགུང་ལོ་དྲུག་ལ་ཕེབས་སྐབས་ཕྲུ་གུ་ཞིག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ཙམ་མ་ཟད། རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པའི་གནད་དོན་ཞིག་ཡིན། རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་རྩད་འཚོལ་ཐད་ཐེ་བྱུས་བྱ་རྒྱུའི་སྲིད་བྱུས་ངན་པ་ཞིག་བཏིང་ཡོད། ༸ཀུན་གཟིགས་པཎ་ཆེན་སྐུ་གོང་མ་མཆོག་གིས་བོད་མི་རིགས་ཀྱི་བདེ་ཐབས་དང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། རྒྱ་ནག་གཞུང་གིས་བོད་ནང་ཇི་ལྟར་གཏོར་སྐྱོན་གཏོང་བཞིན་པའི་ཐོག་སྐྱོན་བརྗོད་ཀྱིས་རྒྱ་ནག་དམར་པོའི་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་ནས་བོད་མིའི་བདེན་དོན་ཞུ་གཏུག་གནང་ཡོད། ཅེས་གསུངས།
དེ་རྗེས་ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་སི་པེག་ས་མཆོག་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཆབ་སྲིད་བཙོན་པ་ཞིག་ཡིན་པར་བརྟེན་རྒྱལ་སྤྱིའི་དོ་ཁུར་ཆེན་པོ་ཞིག་ཆགས་ཀྱི་ཡོད། བོད་ནང་གི་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་གནས་བབ་ལ་སྐབས་དོན་དང་འབྲེལ་བ་ཡོད་པའི་གྲོས་གཞི་ལྟར་དོ་སྣང་ནན་པོ་དང་སྦྲགས་གལ་ཆེན་པོ་བྱེད་དགོས།
ཡུ་རོབ་མཐུན་ཚོགས་ནང་གི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་གནད་དོོན་དེའི་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་སྐོར་དང་། ཡུ་རོབ་གཞུང་ནས་རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་རྩད་འཚོལ་ཐད་ཐེ་བྱུས་བྱེད་མི་ཆོག་པ་དང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་གློད་བཀྲོལ་དགོས་པའི་ཐད་ལངས་ཕྱོགས་བརྟན་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད།
མཐར་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༦ འཁོར་བའི་དུས་ཚིགས་དང་བསྟུན་སུད་སི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༧ ཉིན་བོད་མི་ཡོངས་དང་། འཛམ་གླིང་ཐོག་གི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་ཚབ་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ་ཞུ་སྙན་ཞིག་ཕུལ་ཡོད་སྐོར་དང་། འབོད་སྐུལ་ཞུ་སྙན་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་ཐོབ་ཆེད་འཕྲལ་དུ་ལག་བསྟར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཅས། །