༄༅། །སུད་སི་དང་། ཁེ་ན་ཌ། ཨིན་ཡུལ། བྷལ་ཊིག་མངའ་ཁུལ། ཡུ་རོབ། ཅེ་ལེ་སྤྱི་མཐུན་རྒྱལ་ཁབ། འཇར་མན་ནི། ནོར་ཝེ། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་དང་། བོད་ཀྱི་གྲོགས་པོ་སོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་གནང་འདུག
དེ་ཡང་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ནོ་བྷི་ལི་ (Hon. Luciano Nobili) མཆོག་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མི་ཚོས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་གསར་འཛུགས་གནང་ཡོད། ང་ཚོས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པ་གཙོ་བོ་གཅིག་དེ་ཡིན། ཞེས་སོགས་གསུངས།
ལ་ཏི་ཝི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨུ་ལི་ཌིས་ (Uldis Budriķis) མཆོག་དང་། ལི་ཐུ་ཝི་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ནཱ་ཝི་ཀ་སི་ (Andrius Navickas) མཆོག ཨེ་སི་ཏོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡོ་ཀོ་ཨེ་ལན་ཌར་ (Yoko Alender) མཆོག་བཅས་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་གནང་བ་དང་སྦྲགས། བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་བོད་མིར་གདུང་སེམས་མཉམ་སྐྱེ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཀྱི་སྐོར་གསུངས།
དེ་བཞིན་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མི་ཀུ་ལ་སི་པེག་ས་ (Mikuláš Peksa) མཆོག་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་ཨོ་སི་ར་( Aušra Maldeikienė) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་ཧན་ནེ་སི་ (Hannes Heide) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་ཅར་ལེ་སི་ (Carles Puigdemont i Casamajó) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་ཨན་ཊོ་ནི་ (Antoni Comín i Oliveres) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་ཁི་ལ་ར་ (Clara Ponsatí Obiols) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་ཨི་ཝན་ (Ivan Štefanec) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་བྷི་རེ་ཡར་ (Patrick Breyer) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་མ་ཡི་ཀེལ་ (Michael Gahler) མཆོག་བཅས་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་གནང་བ་དང་འབྲེལ་སྲིད་སྐྱོང་མཆོག་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་ནང་མགྲོན་འབོད་ཞུས་ཏེ་བོད་ནང་གི་གནས་སྟངས་སྐོར་རྒྱུས་ལོན་བྱ་རྒྱུ་ཡིན། ཞེས་དང་།
གཞན་ཡང་ཁོང་རྣམ་པས་བོད་ནང་གི་དཀའ་ངལ་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་ཡོང་བར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས།
ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སིའི་ (Budapest) རྫོང་དང་པོའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཧྥེ་རན་སི་ (Ference Garencsér) ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་གནང་ཡོད།
ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ (Rt. Hon Tim Loughton) མཆོག་གིས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་ཁོང་ཚོ་བོད་མི་དང་ལྷན་མཛའ་མཐུན་མུ་མཐུད་ཉར་ཏེ་བོད་ནང་ལ་བཙན་གནོན་མཚམས་འཇོག་ཡོང་བར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད།
ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁིར་སི་ལའོ་ (Hon Chris Law) མཆོག་དང་། སྐུ་ཞབས་དེ་ཝི་ཌི་ (Lord David Alton) མཆོག (MP Sir Peter Bottomley) མཆོག (MP Marion Fellows) མཆོག (MP Wera Hobhouse) མཆོག (MP Kerry McCarthy) མཆོག (MP Navendu Mishra) མཆོག་བཅས་ནས་བོད་དོན་སླད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས།
འཇར་མན་གྱི་གྲོས་ཚོགས་འཐུས་མི་མ་ཡི་ཀེལ་བྷི་རན་ཌི་ (Michael Brand) མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས།
ཁེ་ན་ཌའི་གྲོས་ཚོགས་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ཝི་རན་ནི་ (Arif Virani) མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་སྦྲགས། བོད་མིའི་ཆོས་དད་རང་དབང་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་རང་དབང་སླད་དུ་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ཕྱག་ལས་གནང་རྒྱུ་ཡིན། ཞེས་སོགས་གསུངས།
ནོར་ཝེ་གྲོས་ཚོགས་འཐུས་མི་པེ་ཏར་ཨི་ཌེ་ (Petter Eide) མཆོག་དང་གྲོས་ཚོགས་འཐུས་མི་ཀེ་ཊིལ་ (Ketil Kjenseth) མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་འབྲེལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གསར་འཛུགས་གནང་བ་དང་། བཙན་བྱོལ་བོད་མི་རྣམས་ནས་མཇུག་སྐྱོང་གནང་བར་རྗེས་སུ་ཡི་རང་གནང་ཡོད།
མེག་སི་ཁོའི་བོད་དོན་རྒྱབ་སྐྱོར་ཚོགས་པས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་། བོད་མིིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་མེག་སི་ཁོའི་མི་མང་དབར་འབྲེལ་བ་དམ་ཟབ་བསྐྲུན་གནང་རྒྱུ་ཡིན། ཞེས་གསུངས།
སུད་སིའི་གྲོགས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་མཱ་ཡ་ (Maya Graf) མཆོག་དང་། ཟུང་འབྲེལ་ཚོགས་གཙོ་ནིག་ (Nik Gugger) མཆོག ཟུང་སྦྲེལ་ཚོགས་གཙོ་མོ་ལི་ན་ (Fabian Molina) ཟུང་སྦྲེལ་ཚོགས་གཙོ་ནི་ཀོ་ལ་སི་ (Nicolas Walder) མཆོག་བཅས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམས་ལ་འཚམས་འདྲི་དང་། སུད་སིའི་གཞུང་གིས་ནམ་རྒྱུན་རྒྱ་ནག་གཞུང་དང་ལྷན་འབྲེལ་བ་བྱེད་སྐབས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐོར་ཞུ་གཏུག་དང་གླེང་སློང་གནང་གི་ཡོད། ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་གསར་པ་དང་ལྷན་དུ་མཉམ་ལས་བྱེད་རྒྱུ་ཡིན་སོགས་གསུངས།
ཅེ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཝེ་ལ་ཌོ་ (Vlado Mirosevic Vergudo) མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འཚམས་འདྲི་གནང་ཡོད།
སུད་བོད་མཛའ་གྲོགས་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ ( Thomas Büchli) ལགས་དང་ཚོགས་གཞོན་ལྷ་དབང་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་མིིའི་སྒྲིག་འཛུགས་ཀྱི་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པ་བཅས་ལ་འཚམས་འདྲི་དང་འབྲེལ་དཔལ་ལྡན་སྲིད་སྐྱོང་མཆོག་འབྱུང་འགྱུར་སུད་སིའི་ནང་ཕེབས་ཐུབ་པའི་རེ་ལྟོས་དང་། སྐབས་དེར་ཐད་ཀར་འབྲེལ་ཞུ་རྒྱུ་ཡིན། ཞེས་གསུངས།།