༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་སྐྱིད་ཉི་མ་མཆོག་དགུང་གྲངས་ ༣༢ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དང་། ཡུ་ཀེ་རེན། ཀ་ཛཱག་སྟཱན་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།དེ་ཡང་ཕྱི་ལོ་ ༡༩༩༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་སྐྱིད་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ཉིན་གསུམ་ལས་མ་སོང་བར་རྒྱ་ནག་གཞུང་ནས་དགུང་གྲངས་ ༦ ལ་ཕེབས་པའི་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ད་ཆ་མི་ལོ་ ༢༦ འགྲོ་གི་ཡོད། ༸པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དེ་བཞིན་ད་ཆ་དགའ་སྐྱོ་ཟུང་སྦྲེལ་གྱི་ལམ་ནས་སྲུང་བརྩི་ཞུ་བཞིན་ཡོད།སྐབས་དེར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཁལ་མུག་ཚོགས་པའི་ཚོགས་མི་རྣམས་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་དང་འབྲེལ། ༧པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་དང་བོད་མིར་ཇི་ལྟར་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་སྐོར་སོགས་གསུངས།
དེ་ཉིན་ཡུ་ཀེ་རེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ (Odesa) ཞེས་པའི་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད། ཕྱོགས་མཚུངས་སེན་ཌི་པི་ཊར་སི་སྦག་ (Saint Petersburg) བོད་དོན་རྒྱབ་སྐྱོར་ཚོགས་པས་མར་མེ་མཆོད་འབུལ་གྱི་ལས་འགུལ་སྤེལ་ཡོད།ཕྱོགས་མཚུངས་ཨུ་རུ་སུ་སྤྱི་མཐུན་གྱི་ནང་པའི་རྒྱལ་ཁབ་ཐུ་ཝ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཞབས་རིམ་གསོག་སྒྲུབ་དང་། རླུང་རྟ་དར་ལྕོག་བཙུགས་པའི་ལམ་ནས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་བཅས། །