༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྔར་ལས་བཟང་བ་ཞིག་དང་བྱམས་བརྩེའི་བདག་ཉིད་བགྱིས་ཞེས་པའི་ཚོགས་པས་གསོལ་འདེབས་དང་གོ་སྒྲིག་ཞུས་དོན་ལྟར་དྲ་ལམ་བརྒྱུད་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཅོས་བསྒྱུར་མཁན་དང་ཤུགས་རྐྱེན་ཆེ་བའི་ན་གཞོན་བཅུ་གཉིས་ལ་བཀའ་ལན་སྩལ་ཡོད་པ་དང་། སྤྱི་ཚོགས་ལས་འགུལ་བ་རྣམས་ནས་སྤྱི་ཚོགས་དང་། རེ་བ། སྙིང་རྗེ། གནམ་གཤིས་འགྱུར་ལྡོག་བཅས་ཀྱི་བརྗོད་གཞིའི་ཐོག་འགྲོ་བ་མི་རྣམས་འཇིག་རྟེན་སྤྱི་ལ་ལྷག་བསམ་འགན་ཁུར་དང་དྲན་ཤེས་ཆེས་ཆེར་བསྟེན་ཐབས་བཅས་སུ་ཁ་ཕྱོགས་བསྒྱུར་བར་སྨན་པའི་ཆེད་བཀའ་འདྲི་ཞུས་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ད་ལྟ་ལོ་ན་བརྒྱད་ཅུ་གྱ་དྲུག་ལ་སོན་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བྱུང་ནས་མི་གསོད་ཁྲག་སྦྱོར་ཧ་ལས་པ་བྱུང་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བྱུང་བའི་ཉེར་ལེན་ལ་བརྟེན་ནས་མི་མང་པོས་དཀའ་སྡུག་མྱངས་ཡོད་པ་མ་ཟད། ཕན་ཚུན་ཧ་ཅང་འཁོན་འཛིན་བྱས་ཡོད། ངོས་ཀྱིས་དུས་རྟག་ཏུ་ཡུ་རོབ་སྤྱི་མཐུན་ཚོགས་པར་ཡིད་སྨོན་བྱེད་ཀྱི་ཡོད།འཛམ་གླིང་གི་ཤར་ལྷོ་དང་ནུབ་བྱང་ཁུལ་དུ་གནས་པའི་མི་རྣམས་ནས་འཛམ་གླིང་དང་འགྲོ་བ་མི་སྤྱིའི་བདེ་སྡུག་ལ་བསམ་བློ་གཏོང་དགོས། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་གྱི་ཆ་ནས་ཀྱང་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས། འཛམ་གླིང་དང་འཛམ་གླིང་མི་མང་གི་ཆེད་དུ་བསམ་བློ་གཏོང་དགོས་པ་ལས་སོ་སོའི་རྒྱལ་ཁབ་དང་མི་མང་གཅིག་པུར་བསམ་བློ་གཏོང་རྒྱུ་མེད། ཁ་དོག་དང་གཟུགས་དབྱིབས་མི་འདྲ་བ་ཡོད་པ་མ་གཏོགས་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་རེད། དོན་དངོས་སུ་ང་ཚོ་ཚང་མ་འཛམ་གླིང་འདིའི་སྒང་ལ་མཉམ་དུ་འཚོ་དགོས། ངོས་ཀྱི་ལས་འགན་དང་པོ་འཛམ་གླིང་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུ་དེ་ཡིན། ཁྱེད་རང་ཚོས་ཀྱང་ངོས་དང་མཉམ་དུ་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་དགོས། ཁྱེད་རང་ཚོས་འཛམ་གླིང་འདི་བཞིན་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རོགས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་བསྩལ་ཡོད།།