དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་བཞུགས་སྒར་རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་ངོས་ཀྱིས་བདེན་བཞི་དང་བདེན་གཉིས་སྐོར་འགྲེལ་བཤད་བྱུང་ན་ཞེས་རེ་འདུན་བཏོན་པ་རེད། འཛམ་གླིང་འདིའི་སྟེང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་དེ་དག་ཚང་མས་བྱམས་བརྩེའི་སྐོར་བཤད་ཀྱི་ཡོད། ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཚང་མས་བྱམས་པ་དང་བརྩེ་བ་ཞེས་གསུང་གི་ཡོད་པར་བརྟེན་འཛམ་གླིང་འདིའི་སྟེང་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་ཐོག་མར་སངས་རྒྱས་པའི་ཆོས་མ་དར་གོང་མུ་སྟེགས་པའི་ཆོས་ལུགས་འདྲ་མིན་ཡོད། རྒྱ་གར་ནང་གི་ཆོས་ལུགས་ཚང་མའི་རྩ་བ་འཚེ་བ་མེད་པ་དང་བྱམས་བརྩེ་ཞེས་པ་འདི་གསུང་བཞིན་འདུག གང་ལྟར་འཛམ་གླིང་འདིའི་སྟེང་ཆོས་ལུགས་འདྲ་མིན་ཡོད་པ་ཕལ་ཆེར་རྒྱ་གར་རེད་འདུག བར་སྐབས་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོ་ཤར་ཕྱོགས་རྒྱལ་ཁབ་དང་འབྲེལ་བ་ཕྲན་བུ་ཤུགས་ཆེ་རུ་ཕྱིན་པ་དང་། དེ་བཞིན་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་འདུག སངས་རྒྱས་པའི་ཆོས་ལ་པཱ་ལིའི་ཆོས་བརྒྱུད་དང་རིམ་པས་རྒྱ་གར་ནང་ནཱ་ལེནྡྲ་ཤེས་ཡོན་གྱི་བསྟི་གནས་ཤིག་ལ་བརྩི་ཡི་ཡོད། དེའི་ནང་དུ་ནཱ་ལེནྡྲའི་མཁས་པ་མང་པོས་ནང་ཆོས་ལ་དོ་སྣང་བྱས་ནས་དེ་ལྟར་ལེགས་སྦྱར་གྱི་ཆོས་བརྒྱུད་དར་ཁྱབ་ཆེ་རུ་ཕྱིན་པ་རེད།
བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་སྟེ་མཁན་ཆེན་ཞི་བ་འཚོས་བོད་ལ་ནཱ་ལེནྡྲའི་ཕྱག་སྲོལ་ནང་བཞིན་བཙུགས་གནང་བ་ཡིན་པ་རེད། མཁན་ཆེན་ཞི་བ་འཚོས་ང་ཚོར་ངོ་སྤྲོད་གནང་བ་དང་། ཚད་ཆེན་བརྩམས་ནས་ཚད་མ་རིག་པའི་སྐོར་ཧ་ཅང་མཁས་པ་རེད། དབུ་མའི་སྐོར་དབུ་མ་རྒྱན་བརྩམས་པ་རེད། དེར་བརྟེན་མཁན་ཆེན་ཞི་བ་འཚོ་དབུ་མ་བ་དང་། གཙོ་ཆེ་ཤོས་ཚད་མ་རིག་པའི་སྐོར་མཁས་པ་ཆེན་པོ་ཆགས་པ་དེ་ལྟར་རེད། བོད་ལ་དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་བཤད་སྲོལ་ཡོད་པ་རེད། བོད་གངས་ཅན་གྱི་ལྗོངས་སུ་འདས་པའི་ལོ་དུས་རབས་བརྒྱད་པ་ནས་བཟུང་དུས་ད་ལྟ་བར་དུ་དབུ་ཚད་སེང་གེ་མཇིང་བསྣོལ་ཟེར་རྒྱུའི་ཐོག་སློབ་སྦྱོང་བྱེད་རྒྱུ་དང་སྒོམ་རྒྱག་རྒྱུ་བཅས་གཙོ་བོ་འདི་གཉིས་ཐོག་འགྲོ་བཞིན་འདུག དབུ་ཚད་ཀྱི་འགྲོ་སྟངས་བཤད་ཡོང་དུས་ལུང་ཙམ་ལ་སྐྱབས་སུ་མཆི་བ་མིན་པར་རིགས་པས་དཔྱད་པ་བྱེད་རྒྱུ་ཞིག་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་འདུག བོད་གངས་ཅན་ལྗོངས་ལ་སངས་རྒྱས་པའི་ཆོས་འདི་རིགས་པས་ལམ་ནས་དཔྱད་པ་བྱས་ནས་འགྲོ་རྒྱུ་ཞིག་འདུག་སྟབས། དེང་སྐབས་སངས་རྒྱས་པའི་ཆོས་དང་འབྲེལ་བའི་སངས་རྒྱས་པའི་ལྟ་གྲུབ་སྐོར་དོ་སྣང་གསར་པ་ཞིག་སླེབ་བཞིན་ཡོད། དེ་བཞིན་ཚན་རིག་པའི་ནང་ནས་སེམས་ཁམས་རིག་པ་དང་ལྟ་གྲུབ་སྐོར་དོ་སྣང་བྱེད་པའི་གནས་ཚུལ་ཆགས་འདུག
དེ་རིང་ཨི་ཊ་ལིའི་ཆོས་གྲོགས་ཚོས་བདེན་བཞི་དང་བདེན་གཉིས་སྐོར་འགྲེལ་བཤད་བྱེད་རོགས་ཞེས་གསུངས་པ་རེད། བདེན་པ་བཞི་ཟེར་རྒྱུ་འདི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ། །ཞེས་བཅོམ་ལྡན་འདས་ཁོ་རང་གི་ཉམས་མྱོང་ཐོག་ནས་ཆོས་ཚུལ་དམིགས་བསལ་ཟབ་མོ་ཞིག་བྱུང་། འོན་ཀྱང་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་ནང་གི་མི་ཚོའི་བློ་ལ་ཆུད་རྒྱུ་ཕལ་ཆེར་ཁག་པོ་རེད་འདུག དེར་བརྟེན་བཅོམ་ལྡན་འདས་རང་ཉིད་སྒོམ་བརྒྱབ་ནས་བཞུགས་ཀྱི་ཡིན། ཞེས་མངོན་པར་རྫོགས་པར་སངས་རྒྱས་ནས་ཕལ་ཆེར་ཞག་ཞེ་དགུ་ཙམ་གྱི་རིང་ཆོས་དམིགས་བསལ་མ་གསུང་བར་བཞུགས་པ་རེད། འཁོར་ལྔ་སྡེ་བཟང་པོ་དང་བཅོམ་ལྡན་འདས་སངས་མ་རྒྱས་པའི་གོང་ནས་ངོ་ཤེས་པ་རེད། བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ལ་རྟོགས་པ་གཞན་དང་མི་འདྲ་བ་ཞིག་འཁྲུངས་ནས་ཡོད་པར་བརྟེན་བཀའ་ཆོས་གནང་རོགས་གནང་ཞེས་གསོལ་འདེབས་ཞུས་ཏེ། ཐོག་མར་བདེན་བཞི་ཆོས་འཁོར་གསུངས་འདུག ལེགས་སྦྱར་གྱི་གཞུང་ནང་ཆོས་འཁོར་དང་པོ། ཆོས་འཁོར་གཉིས་པ། ཆོས་འཁོར་གསུམ་པ་ཞེས་བརྗོད་བཞིན་ཡོད། ཆོས་འཁོར་དང་པོ་དེ་བདེན་བཞིའི་ཆོས་འཁོར་རེད། བདེན་བཞིའི་ཆོས་འཁོར་གསུང་དུས། བདེན་བཞིའི་ངོ་བོ་ལ་བཟླས་པ་དང༌། བྱ་བ་ལ་བཟླས་པ། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་བཟླས་པ་གསུམ་གྱི་སྒོ་ནས་གསུང་བཞིན་ཡོད། དེ་གནད་འགག་ཆེན་པོ་རེད། བདེན་བཞིའི་ངོ་བོ་ལ་བཟླས་པ་ཞེས་པ་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །ཞེས་གསུངས། བདེན་པ་བཞི་ལ་སྤངས་བླངས་འཇུག་ལྡོག་ཅི་ལྟར་བྱ་བ་ལ། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤངས་པར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ་ཞེས་གསུངས་པ་རེད།སྡུག་བསྔལ་ཕྲ་རགས་ག་འདྲ་ཡིན་པ་ཤེས་དགོས། འབུ་སྲིན་ཚུན་ཆད་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པས་སྡུག་བསྔལ་དེ་རྒྱུ་དང་རྐྱེན་གང་ལ་བརྟེན་ནས་ཡོང་བ་རྩད་གཅོད་དགོས་པ་ཀུན་འབྱུང་བདེན་པ་བཤད་ཀྱི་ཡོད། ཀུན་འབྱུང་སྤངས་བར་བྱ་ཞེས་ཀུན་འབྱུང་སྤངས་ཐུབ་བམ་མི་ཐུབ་ཅེས་པ་ནི། ཀུན་འབྱུང་གི་རྩ་བ་ལས་དང་ཉོན་མོངས་དང་། དེའི་ནང་ནས་ཉོན་མོངས་མང་པོ་ཡོད་པ་ལས་ཉོན་མོངས་ཀྱི་རྩ་བ་ཉོན་མོངས་དུག་གསུམ་རེད། པཱ་ལིའི་གཞུང་ནང་དུ་གསུངས་ཡོད་ཀྱང་ཞིབ་ཚགས་པོ་ཆོས་འཁོར་རིམ་པ་གཉིས་པ་དང་གསུམ་པའི་ནང་དུ་ཟབ་བཤད་གསུང་གི་ཡོད། ཉོན་མོངས་ཀྱི་རྣམ་གཞག་དག་ཟབ་པོ་དང་དེའི་ལྡོག་ཟླ་གཉེན་པོ་བདག་མེད་པའི་ལྟ་བ་སོགས་གསུང་བཞིན་ཡོད། འཁོར་ལོ་དང་པོའི་སྐབས་སུའང་བདག་མེད་པའི་ལྟ་བ་དེ་དག་འབྲེལ་ཡོང་གི་འདུག
སྡུག་བསྔལ་ཤེས་པར་བྱ་སྟེ། ཤེས་པར་བྱར་མེད་ཅེས་སྡུག་བསྔལ་ཤེས་དགོས། འོན་ཀྱང་གཏིང་རིང་པོའི་སྒོ་ནས་བསམས་ན་སྡུག་བསྔལ་ཤེས་པར་བྱར་ཡོད་པ་མ་རེད། ཀུན་འབྱུང་སྤངས་པར་བྱ། སྤངས་པར་བྱར་མེད། འགོག་པ་མངོན་དུ་བྱ། མངོན་དུ་བྱར་མེད། ལམ་སྒོམ་པར་བྱ། སྒོམ་པར་བྱར་མེེད་ཅེས་བདག་མེད་པའི་ལྟ་བ་ལ་འབྲེལ་ནས་ཡོང་གི་ཡོད། བཅོམ་ལྡན་ཀྱི་གསུང་སྟངས་དེ་ཧ་ཅང་མཁས་པ་རེད། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་གསུངས་པའི། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་སོགས་ལ་ངོས་ཀྱིས་ནམ་རྒྱུན་གོ་བ་འདི་འདྲ་ཞིག་ལེན་གྱི་ཡོད། ཟབ་ཞི་ཞེས་པས་ཡུལ་ཝ་ར་ཎ་སིར་གསུངས་པའི་བདེན་བཞི་ཆོས་འཁོར་དང་། སྤྲོས་བྲལ་ཞེས་པས་ འཁོར་ལོ་དང་པོར། སྡུག་བསྔལ་ཤེས་པར་བྱ། ཤེས་པར་བྱར་མེད། ཀུན་འབྱུང་སྤངས་པར་བྱ། སྤངས་པར་བྱར་མེད། འགོག་པ་མངོན་དུ་བྱ། མངོན་དུ་བྱར་མེད། ལམ་སྒོམ་པར་བྱ། སྒོམ་པར་བྱར་མེེད་ཅེས་པས་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ཡོང་གི་འདུག དེ་མདོ་སྡེ་དགོངས་འགྲེལ་གྱི་ཐ་སྙད་སྦྱར་ན། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་རེད།བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོ་རིར་གསུངས་པའི་ཤེར་ཕྱིན་གྱི་ཆོས་འཁོར་དེ་དག་གསུང་བཞིན་ཡོད། འགོག་པའི་བདེན་པ་ཞེས་པ་ཞིབ་ཚགས་པོས་བསམས་ན་ཉོན་མོངས་སྤངས་ཐུབ་བམ་མི་ཐུབ། ཉོན་མོངས་སྤངས་པའི་བྲལ་བ་ག་འདྲ་ཞིག་ཡོད་མེད་ཤེར་ཕྱིན་གྱི་གཞུང་ལ་བརྟེན་ནས་ཡོང་དགོས་པས། སྤྲོས་བྲལ་ཞེས་པས་ཤེར་ཕྱིན་གྱི་གཞུང་ལས་རྟེན་འབྱུང་མཐའ་བརྒྱད་དང་བྲལ་བ་གསུངས་པ་དེ་རེེད།
འོད་གསལ་འདུས་མ་བྱས་པ་ནི་ཕལ་ཆེར་འཁོར་ལོ་ཐ་མ་མདོ་སྡེ་དགོངས་འགྲེལ་རེད། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཞེས་པའི་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་དེ་རེད། རྒྱུད་བླ་མ་ཁམས་བདེར་གཤེགས་སྙིང་པོ་དཔེ་དགུ་དོན་དགུ་སྒོ་ནས་གསུངས་པ་དེའི་རྩ་བ་ཁུངས་གཏུགས་ས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་རེད། དེ་འཁོར་ལོ་ཐ་མའི་གྲས་རེད། འོད་གསལ་འདུས་མ་བྱས་ཞེས་པས་སེམས་རང་བཞིན་གྱིས་འོད་གསལ་བ་དང་། དྲི་མ་གློ་བུར་བ། དྲི་མ་ཕྱོགས་གཅིག་ནས་སེམས་ཀྱི་རང་བཞིན་ལ་ཡོད་པ་མིན་པ། ཉོན་མོངས་དུག་གསུམ་གྱི་རྩ་བ་ནི། དབུ་མ་བའི་ལུགས་སུ་གཏི་མུག་བདེན་འཛིན་དང་། དེ་ཕྱིན་ཅི་ལོག་པའི་བློ་ཆགས་ཡོད།ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སོགས་ཉོན་མོངས་མང་པོ་ཞིག་ཡོད་པ་ཚང་མ་དུག་གསུམ་གྱི་རྩ་བ་དང་དེའི་རྩ་བ་གཏི་མུག་རེད། གཏི་མུག་ངོས་འཛིན་སྟངས་མི་འདྲ་བ་ཡོད་ནའང་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞེས་སྟངས་ལྟར་ན། གཏི་མུག་བདེན་འཛིན་ཞེས་པ་དེ་རེད། དབུ་མ་བཞི་བརྒྱ་བར། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་བཞིན་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཙོམ་པས་བཅོམ་པར་འགྱུར། །ཞེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །དེའི་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཐོག་མར་བསྙད་པར་བྱ། །ཞེས་གསུངས་པའི་ཚིག་དེ་ཧ་ཅང་གསལ་བོ་རེད།
རྩ་བ་དེ་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་བཅོམ་ཐུབ་ན། སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པས་བཅོམ་ཐུབ་པ་རེད། མེད་པར་བཟོ་ཐུབ་པ་ཞིག་རེད། སེམས་ཀྱི་རང་བཞིན་འོད་གསལ་བའི་འགྲེལ་བཤད་ཞིབ་ཕྲ་ནི་ཕལ་ཆེར་སྔགས་ཀྱི་གཞུང་ནས་གསུངས་པ་དེ་རེད། འཁོར་ལོ་བར་བའི་སྐབས་སུ་ཡུལ་གྱི་འོད་གསལ་གསུངས། འཁོར་ལོ་ཐ་མའི་སྐབས་སུ་ཡུལ་ཅན་གྱི་འོད་གསལ་གསུངས་པ་ལྟ་བུ་ཞིག་འདུག དེ་ལྟར་འཁོར་ལོ་དང་པོའི་བདེན་བཞི་ཆོས་འཁོར་སྐབས་སུ། བདེན་པ་བཞིའི་ངོ་བོ་བཟླས་པ། བྱ་བ་ལ་བཟླས་པ། བྱ་བ་འབྲས་བུ་དང་བཅས་པ་བཟླས་པ་ཞེས་པ་དེ་ལྟར་གསུངས་པ་རེད། དེ་ལྟར་འཁོར་ལོ་རིམ་པ་གསུམ་གུང་བསྒྲིགས་ནས་བསམ་བློ་བཏང་ན་ཧ་ཅང་ཟབ་པོ་རེད། མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལས་ཚད་མ་རིག་པའི་སྟེང་ནས་དཔྱད་པ་བྱེད་པ་ལ་འདི་ལྟར་འགྲོ་ཡོང་དུས། དེང་འཛམ་གླིང་འདིར་ཚན་རིག་པའི་རིག་གནས་དག་ཡར་རྒྱས་འགྲོ་བཞིན་ཡོད།
འོན་ཀྱང་ཕྱི་དངོས་པོ་རྐྱང་པ་ལས་སེམས་ཁམས་རིག་པའི་སྐོར་ནུབ་ཕྱོགས་ནས་དར་བའི་ཚན་རིག་ནང་དེ་ཚོའི་སྐོར་མི་འདུག ཚན་རིག་པ་ཚོས་གཞི་ནས་སེམས་ཀྱི་བདེ་སྐྱིད་ཅེས་པ་དེར་གཙོ་བོ་སེམས་ཀྱི་ཞི་བདེ་དགོས་པ། སེམས་ཞི་བདེ་ཡོང་བར་ཞི་བདེ་དཀྲུག་མཁན་དེ་ཉོན་མོངས་དང་ཆགས་སྡང་གིས་དཀྲུགས་ཀྱི་ཡོད་པ་དང་། དེ་ལ་གཉེན་པོ་བསྟེན་དགོས་པའི་དོ་སྣང་གསར་བ་ཞིག་ཡོང་བཞིན་འདུག ཆགས་སྡང་ལ་གཉེན་པོ་བསྟེན་སྟངས་སྤྱིར་ཆོས་ལུགས་ཚང་མའི་ནང་ཡོང་གི་ཡོད་ནའང་སངས་རྒྱས་པའི་གཞུང་གིས་ཆགས་སྡང་ལ་གཉེན་པོ་བསྟེན་སྟངས་ཧ་ཅང་གསལ་པོ་ཡིན་པ་འཁོར་ལོ་བར་པའི་སྐབས་སུ་གསུངས་པའི་ཡུལ་གྱི་འོད་གསལ་དང་། འཁོར་ལོ་ཐ་མའི་སྐབས་སུ་གསུངས་པའི་ཡུལ་ཅན་འོད་གསལ་གཉིས་འབྲེལ་ནས་ཡོང་དུས་སྤངས་པ་མཐར་ཐུག་དང་རྟོགས་པ་མཐར་ཐུག་ཅེས་པ་ཡོང་ཐུབ་པ་ཞིག་རེད།
སངས་རྒྱས་ཀྱི་སའི་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཐུག་ཅིག་ཡོང་བ་ནི་གཞུང་དེ་དང་འབྲེལ་ནས་བསམ་བློ་བཏང་ན་བསམ་བློ་གཏོང་རྒྱུ་ཡོད་པ་རེད། གཙོ་བོ་ཀླུ་སྒྲུབ་ཡབ་སྲས་ཧ་ལས་པ་རེད། ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལ་ཚིག་འགྲེལ་ཚིག་གསལ་ཡོད། དོན་འགྲེལ་དབུ་མ་འཇུག་པའང་ཡོད། དབུ་མ་འཇུག་པ་ནི་ཧ་ཅང་ཟབ་པོ་རེད། དབུ་མ་འཇུག་པའི་དབུར། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་སྙིང་རྗེ་ལ་བསྟོད་ཕྱག་མཛད་དེ། དེ་ཁོ་ན་ཉིད་ཀྱི་སྐོར་གསུངས་པ་ལ་ངོས་ཀྱིས་ཉིན་ལྟར་བསམ་བློ་གཏོང་བཞིན་ཡོད།
དབུ་མ་འཇུག་པ་ལས། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུ་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། ། ཞེས་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པས་མེད་དམ་ཞེ་ན་མ་ཡིན་ཏེ། དབུ་མ་འཇུག་པ་ལས། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང༌། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཚིག་དེ་དག་ཧ་ཅང་ཟབ་པོ་རེད། ངོས་ཀྱིས་ཉིན་ལྟར་སྐྱོར་ནས་བསམ་བློ་གཏོང་བཞིན་ཡོད། ཅེས་སོགས་ཀྱི་བཀའ་ཆོས་སྩལ་རྗེས་ཆོས་ཞུ་བའི་དྲི་བར་བཀའ་ལན་སྩལ་བ་དང་། མཐར་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་ཚན་རིག་ཀུན་བཏུས་ཀྱི་དཔེ་དེབ་ངོ་སྤྲོད་དང་ཨི་ཊ་ལིའི་སྐད་ཐོག་བསྒྱུར་མཁན་ལ་ལེགས་གསོལ་བསྔགས་བརྗོད་མཛད་ཡོད་པ་བཅས། །