༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༣༡ ཉིན་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྱི་ས་ཐོག་ཏུ་ཐོག་མར་ཞབས་སོར་འཁོད་དེ་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་ནས་ལོ་ངོ་ ༦༢ འཁོར་བའི་ཉིན་མོ་ཡིན་ཞིང་། ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་དེ་སྲུང་བརྩི་ཞུ་ཆེད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་བོད་རྒྱ་གྲོས་མོལ་ཞེས་དྲ་ལམ་བརྒྱུད་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། བགྲོ་གླེང་གི་ལས་རིམ་ཐོག་བྱང་ཨ་རིར་གནས་སྡོད་རྒྱ་རིགས་མཁས་དབང་དང་། ཁྲིམས་རྩོད་པ་སོགས་མི་སྣ་ ༡༥ མཉམ་ཞུགས་གནང་ཡོད།
དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་ཡོངས་ལ་འཚམས་འདྲི་དང་འབྲེལ་ལས་རིམ་ཐོག་མཉམ་ཞུགས་གནང་སྟེ་གཏམ་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་བོད་རྒྱའི་དཀའ་རྙོག་སེལ་བར་འབད་བརྩོན་གང་ཐུབ་གནང་གི་ཡོད་ཀྱང་རྒྱ་ནག་དབང་འཛིན་པ་ཚོས་དྲག་པོའི་བྱ་ཐབས་བེད་སྤྱད་དེ་བོད་མི་དང་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་སྐོར་སོགས་གསུངས།
དེ་རྗེས་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་གཏམ་བཤད་གནང་མཁན་རྣམས་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས། སྤྱི་ནོར་༸གོས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་གཞིས་བྱེས་གཉིས་སུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་གྲུབ་འབྲས་ཧ་ཅང་ཆེན་པོ་སྨིན་ཡོད་སྐོར་དང་། སྐུའི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར། དེ་བཞིན་ཐེངས་འདིའི་བགྲོ་གླེང་གི་དམིགས་ཡུལ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད།
དེ་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་སྐུ་ཞབས་ (Mr. Chen Guagcheng) ལགས་ཀྱིས་བོད་རྒྱ་གྲོས་མོལ་གྱི་གལ་ཆེའི་རང་བཞིན་དང་། གྲོས་མོལ་མུ་མཐུད་གནང་དགོས་པའི་དོན་སྙིང་གསལ་བཤད་གནང་ཡོད། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་འོག་བཙན་བྱོལ་བོད་མི་རྣམས་ནས་རང་གི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་བར་བསྔགས་བརྗོད་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ཀྱིས་གཙོས་ཤར་ཏུར་ཀི་སི་ཐན་དང་། སོག་པོ་བཅས་ནང་རྡུག་རྩུབ་མནར་གཅོད་གཏོང་བཞིན་ཡོད་སྐོར་དང་། ཐ་ན་རྒྱ་ནག་ཧན་མི་རིགས་ཀྱང་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་སྲིད་དབང་འོག་གནོད་ཚེ་ཕོག་མཁན་ཞིག་ཡིན་པ་སོགས་འགྲེལ་བརྗོད་གནང་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་གཞུང་གིས་མུ་མཐུད་གཞི་རྒྱ་ཆེ་བའི་བཙན་གནོན་རིགས་ལག་བསྟར་བྱེད་བཞིན་པ་ནི་རྒྱ་ནག་དམར་ཤོག་གི་སྲིད་དབང་ལ་ངོ་རྒོལ་བྱེད་མཁན་མེད་པའི་དབང་གིས་ཡིན་སྐོར་སོགས་གསུངས།
དེ་རྗེས་ (Beijing Spring Magazine) ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། དེ་སྔ་དགུ་བཅུ་གོ་གྲངས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་མྱོང་མཁན་རྒྱ་ནག་གི་མཁས་དབང་སྐུ་ཞབས་ (Mr. Hu Ping) ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་འཕེལ་རྒྱས་དང་གྲུབ་འབྲས་ལེགས་པོ་ཐོན་པར་བསྔགས་བརྗོད་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སྣང་མེད་དུ་སྐྱུར་མི་ཐུབ་པའི་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་ཡོད་སྐོར་གསུངས།
དེ་བཞིན་སྙན་གྲགས་ཆེ་བའི་རྒྱ་ནག་གི་ཆབ་སྲིད་དཔྱད་གཏམ་པ་སྐུ་ཞབས་ (Mr. Chen Pokong) ལགས་ཀྱིས་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་རྒྱ་ནག་གཞུང་གིས་བོད་དབང་སྒྱུར་བྱས་ཡོད་ཀྱང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནི་བོད་མིའི་ཁྲིམས་མཐུན་ངོ་ཚབ་དང་རེ་བ་མཚོན་གྱི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གོ་ལ་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད་ཞེས་གསུངས།
དེ་བཞིན་མང་གཙོ་དོན་གཉེར་བ་གྲགས་ཅན་སྐུ་ཞབས་ཡང་ཅེ་ལིན་ (Mr. Yang Jianli) ལགས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་འོག་མི་རིགས་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་གི་ཚོགས་འདུ་ (Interethnic Interfaith Leadership Conference) གསར་བཙུགས་གནང་ཡོད་པ་དང་། ༸མགོན་པོ་གང་ཉིད་ཀྱིས་གྲུབ་འབྲས་སོན་པ་རྣམས་ནི། དང་པོ་མགོན་པོ་གང་ཉིད་ཀྱིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྩོད་རྙོག་འདུམ་འགྲིག་ཡོང་བའི་ལམ་བུ་གསར་པ་ཞིག་འདོན་གནང་མཛད་ཡོད། གཉིས་པ་བོད་བརྒྱུད་ནང་བསྟན་ནི་རྒྱལ་སྤྱིའི་ཆོས་ལུགས་ཆགས་ཡོད་པ། གསུམ་པ་བཙན་བྱོལ་བོད་མིའི་འཛིན་སྐྱོང་དེ་བཞིན་མང་གཙོར་སྒྱུར་བ་དེས་བོད་མིའི་འཐབ་རྩོད་རྒྱུན་གནས་ཐུབ་པའི་ཐབས་ལམ་ཞིག་ཆགས་ཡོད་ཅེས་གསུངས།
དེ་རྗེས་རྩོམ་པ་པོ་དང་གསར་འགོད་པ། འཐབ་རྩོད་པ་གྲགས་ཅན་ལྕམ་སྐུ་ (Sheng Xue) ལགས་ཀྱིས་འཛམ་གླིང་ནང་གི་བཙན་བྱོལ་བའི་ལོ་རྒྱུས་ཁྲོད་བཙན་བྱོལ་བོད་མི་རྣམས་ནི་ཆེས་ལམ་ལྷོངས་ཅན་གྱི་བཙན་བྱོལ་བ་ཞིག་ཡིན་པ་རང་ཉིད་ཀྱི་མཐོང་ཚུལ་འགྲེལ་བརྗོད་གནང་ཡོད་པ་དང་། དེ་བཞིན་ཉམས་ཞིབ་པ་སྐུ་ཞབས་ (Mr. Ding Yifu) ལགས་ཀྱིས་བོད་ལ་དངོས་ཡོད་གནས་ཚུལ་གང་བྱུང་ཡོད་པ་རྒྱ་ནག་མི་རིགས་རྣམས་ཀྱིས་ཤེས་རྟོགས་ཆེད་སློབ་སྦྱོང་སྤྲོད་དགོས་པའི་གལ་ཆེའི་རང་བཞིན་ཐོག་ནན་བཤད་གནང་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཚན་རིག་པ་དང་ལྷན་བགྲོ་གླེང་གང་མང་བྱུང་བ་དེས་བོད་དོན་བདེན་མཐའ་གསལ་ཕྱིར་ཕན་ནུས་ཡོད་སྐོར་དང་། བོད་ཀྱི་གཞོན་སྐྱེས་རྣམས་ནས་མི་རབས་རྒན་པ་རྣམས་ཀྱིས་བོད་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་བློས་གཏོང་གནང་བ་དེ་དག་བརྗེད་མི་རུང་ཞེས་རེ་སྐུལ་གནང་ཡོད།
པེ་ཅིང་གནམ་བདེ་སྒོ་མོའི་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་རྒྱ་རིགས་སློབ་ཕྲུག་གི་འགོ་ཁྲིད་སྐུ་ཞབས་ (Mr. Zhou Fengsuo) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་སྐབས་ཁོ་རང་ཉིད་བཙོན་ཁང་དུ་ཡོད་པའི་དུས་སྐབས་ཀྱི་སྐོར་གླེང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གངས་རིའི་ཕྱོགས་སུ་གཟིགས་བཞུགས་པའི་སྐུ་དཔར་ཞིག་མཇལ་བ་དེས་ཁོང་རང་ཉིད་ལ་སེམས་འགུལ་ཆེན་པོ་ཞིག་ཐེབས་ཡོད་སྐོར་དང་། བོད་པའི་གཞོན་སྐྱེས་ཚོའི་སེམས་ཤུགས་ལ་བསྔགས་བརྗོད་དང་། བོད་ཀྱི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད།
རྒྱ་ནག་མི་དམངས་སྟོབས་ཤུགས་ཚོགས་པ་ (Citizen Power Initiatives for China) གསར་བཙུགས་གནང་མཁན་དང་སྲིད་བྱུས་ཉམས་ཞིབ་པ་སྐུ་ཞབས་ (Mr. Han Lianchao) ལགས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དམར་ཤོག་གཞུང་ཕམ་ཉེས་བཏང་ཟིན་ཞེས་ཚིག་ཐག་ཆོད་པོས་གསུངས། ཁོང་གིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ཆེད་བོད་ནང་རིགས་རྒྱུད་རྩ་གཏོར་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་བོད་མི་ཚོས་བཙན་བྱོལ་ནང་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དེ་དག་ཉར་ཚགས་བྱས་ཡོད་སྐོར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཀྱིས་གནོད་འཚེ་ཕོག་མཁན་ཐོག་མ་དེ་བོད་ཡིན་ཞེས་དང་། དེ་བཞིན་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ནང་དོན་ཁག་ཞིབ་ཕྲ་འགྲེལ་བརྗོད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་ནི་བོད་མིར་དབང་བ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།
དེ་བཞིན་རྒྱ་ནག་མི་མང་འཐུས་ཚོགས་ཀྱི་འཐུས་མི་ཟུར་པ་དང་བོད་ཀྱི་ངག་ཐོག་ལོ་རྒྱུས་སྨྲ་བ་ལྕམ་སྐུ་ (Mrs. Wang Ruiqing) ལགས་ཀྱིས་ད་ལྟའི་རྒྱ་ནག་གཞུང་གིས་རིགས་རྒྱུད་རྩ་གཏོར་གྱི་སྲིད་བྱུས་དེ་མའོ་ཙེ་ཏུང་གི་དུས་རབས་སུ་ཁུངས་དེད་ཆོག་པ་དང་། ད་ཆ་དགོན་པའི་ཆོས་ལུགས་སྲིད་བྱུས་དང་། སློབ་གྲྭའི་སྐད་ཡིག་སྲིད་བྱུས་ཁྲོད་རྒྱ་ནག་ཅན་དུ་བསྒྱུར་བའི་དུས་མཚམས་དེ་སླེབས་ཡོད་ཅེས་གསུངས།
རྒྱ་ནག་ནང་གི་མཐོ་སློབ་ (Shanghai University of Finance and Economics) ཞེས་པའི་ (Humanitarian studies) ཚན་པའི་འགན་འཛིན་ཟུར་པ་སྐུ་ཞབས་ (Mr. Pei Yiran) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ལ་གུས་བཀུར་ཡོད་སྐོར་དང་། བརྙན་ཐུང་བརྒྱུད་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྤེལ་རེས་བྱས་པ་དེས་ཁོང་རང་ཉིད་ཀྱིས་བོད་ལ་འཛིན་པའི་ངོས་འཛིན་རིམ་བཞིན་ལེགས་སུ་ཕྱིན་ཡོད་སྐོར། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་ནག་གཞུང་གིས་བསམ་གཞིག་བྱེད་དགོས་སྐོར་སོགས་གསུངས།
རྒྱ་རིགས་མཁས་དབང་སྐུ་ཞབས་ (Mr. Li Hengqing) ལགས་ཀྱིས་རྒྱ་ནག་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ཆིབས་སྒྱུར་ཆོག་པའི་འབོད་སྐུལ་དང་འབྲེལ། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་ཀྱི་བདེན་མཐའ་གསལ་བྱེད་ཀྱི་ཐབས་ལམ་གཅིག་པུ་དེ་ཡིན་སྐོར་དང་། རྒྱ་ནག་གཞུང་དང་གྲོལ་མོལ་གང་མང་ཡོང་ཐབས་བྱས་ཏེ་རྒྱ་ནག་གཞུང་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཤེས་རྟོགས་ཐུབ་པ་བྱ་རྒྱུར་འབད་དགོས་སྐོར་གསུངས།
དེ་བཞིན་མཁས་དབང་སྐུ་ཞབས་ (Mr. Zhang jie) ལགས་ཀྱིས་རྒྱ་ནག་ནང་གི་ཆབ་སྲིད་འགྱུར་ལྡོག་དང་། རྒྱལ་སྤྱིའི་ནང་རྒྱ་ནག་ལ་འཛིན་པའི་འགྱུར་ལྡོག་ལ་གཞིག་སྟེ་བོད་མི་རྣམས་ཀྱིས་ཐབས་བྱུས་ལྡན་པའི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དགོས་ཞེས་གྲོས་འགོ་བཏོན་ཡོད། དེ་རྗེས་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Mr. Wang Juntao) ལགས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༩༥ ལོར་༸གོང་ས་མཆོག་དང་མཇའ་འཕྲད་བྱུང་བའི་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཟང་པོའི་འོག་བཙན་བྱོལ་ནང་བོད་མིའི་ངོ་བོ་མ་རླག་པར་གནས་ཐུབ་པ་བྱུང་ཡོད་སྐོར་སོགས་གསུངས་ཡོད། །