༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༩ ཉིན་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་རི་ཡུ་སི་ (Dr. Andrius Navickas) ལགས་དང་ཚོགས་གཞོན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལཱ་ཡི་མ་ (Laima Andrikiene) ལགས་རྣམ་གཉིས་ཀྱི་གོ་སྒྲིག་འོག་ཡུ་རོབ་ཀྱི་ཆབ་སྲིད་གྲོས་འཆར་སྟེང་བོད་འཇོག་ཐབས་ (TIBET ON THE POLITICAL AGENDAS IN EUROPE) ཞེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་ཚོགས་འདུ་ཚོགས་ཡོད།
དེ་ཡང་ཚོགས་འདུའི་ཐོག་ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་སི་པེག་ས་ (Mr. Mikulas Peksa Czech) ལགས་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ས་བྷེལ་སན་ཊོ་སི་ (Isabel Santos) ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ (Mr. Vincent Metten) ལགས་བཅས་མཉམ་ཞུགས་གནང་ཡོད།
སྐབས་དེར་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་བོད་དོན་སྐོར་ཡུ་རོབ་གྲོས་ཚོགས་ཁག་གི་ནང་ཡོངས་ཁྱབ་གྲོས་ཆོད་ཅིག་འཇོག་དགོས་སླད་ལས་འགུལ་སྤེལ་རྒྱུ་ཡིན་པའི་མོས་མཐུན་གནང་ཡོད། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་སི་པེག་ས་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་མདུར་བསྡུས་ཤིག་གནང་བ་དང་འབྲེལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་ནི་ཧ་ཅང་ཛ་དྲག་དང་གལ་ཆེ་རང་བཞིན་ཡིན་པའི་སྐོར་དང་། གཞན་ཡང་ཁོང་གིས་ལག་ལེན་གྱི་ཐོག་ནས་ལོ་རྗེས་མའི་པེ་ཅིན་ཨོ་རྩེད་འགྲན་ཚོགས་བཀག་སྡོམ་བྱ་དགོས་མིན་ངེས་གཏན་མེད་པ་སོགས་ཀྱི་སྐོར་གསུངས།
ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་ཨེ་ས་བྷེལ་སན་ཊོ་སི་ལགས་ཀྱིས་ས་ཕྱོགས་གང་ས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་སྐོར་གླེང་སློང་གནང་ཡོད་པ་མ་ཟད། རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་རྒོལ་ལན་སློག་གི་ཡོད། ཅེས་གསུངས།སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཡུ་རོབ་ཁུལ་དུ་བོད་དོན་ལ་དོ་སྣང་ཤུགས་ཆེ་རུ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས། བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་གཏན་འབེབས་གནང་བ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པས་ཀྱང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་དེ་ལྟར་གཏན་འབེབས་གནང་ཆེད་ལས་འགུལ་སྤེལ་རྒྱུ་ཡིན། ཞེས་དང་། རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ལ་དྲག་གནོན་བྱེད་བཞིན་པའི་ཐད་ཡུ་རོབ་སྤྱི་མཐུན་ཚོགས་པའི་ངོས་ནས་ངེས་པར་ཁ་གཏད་དུ་ལང་དགོས་པ་སོགས་ཀྱི་སྐོར་གསུངས།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ལགས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱིའི་སྐོར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་དང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་སོགས་ཀྱི་གལ་གནད་སྐོར་གསུངས།གྲོས་ཚོགས་འཐུས་མི་ལྕམ་སྐུ་ལཱ་ཡི་མ་ལགས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༧ ཉིན་ཡུ་གུར་དང་འབྲེལ་བའི་གནད་དོན་སྐོར་གྲོས་བསྡུར་གནང་རྒྱུ་དང་། སྐབས་དེ་དུས་བོད་ཀྱི་གནད་དོན་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པའི་སྐོར་གསུངས། ཕྱོགས་མཚུངས་ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་དང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་སྐོར་ཡུ་རོབ་ཀྱི་གྲོས་ཚོགས་ཁག་གི་ནང་ཡོངས་ཁྱབ་ཀྱི་གྲོས་ཆོད་ཅིག་འཇོག་དགོས་པའི་གལ་གནད་སྐོར་གསུངས།།