༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢ ཉིན་ཐེ་ཝན་ནང་མེ་འཁོར་གདོང་ཐུག་བརྒྱབ་སྟེ་ཉུང་མཐར་མི་གྲངས་ ༥༠ རྐྱེན་ལམ་དུ་ཤོར་པའི་གནས་ཚུལ་གསན་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༣ ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ཚེ་ཨིན་ཝེན་ (Tsai Ing-wen) མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན། ཁ་སང་ཧྭ་ལེན་ ( Hualien) གྲོང་ཁྱེར་གྱི་ཉེ་འགྲམ་དུ་མེ་འཁོར་གདོང་ཐུག་བརྒྱབ་སྟེ་ཉུང་མཐར་མི་གྲངས་ ༥༠ རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་གོ་ཐོས་བྱུང་བས་ངོས་རང་ཧ་ཅང་བློ་ཕམ་བྱུང་། སྟབས་མ་ལེགས་པའི་དོན་རྐྱེན་འདིའི་རྐྱེན་གྱིས་སྐུ་ཉིད་མཆོག་གིས་གཙོས་རྐྱེན་ལམ་དུ་སོང་བ་དང་རྨས་སྐྱོན་ཕོག་པའི་ཤུལ་ལུས་གཉེན་ཉེ་དུ་ཡོངས་ལ་ངོས་ཀྱིས་ཐུགས་གསོ་ཞུ་རྒྱུ་ཡིན།
ཐེ་ཝན་མི་མང་ངོས་དང་སེམས་ཐག་ཉེ་པོ་ཡོད། རྐྱེན་ངན་འདི་ལྟ་བུ་ཞིག་འབྱུང་སྐབས་ང་ཚོ་ཚང་མའི་ཐོག་གོད་ཆག་ཆེན་པོ་ཞིག་བྱུང་སོང་སྙམ་པའི་ཚོར་སྣང་བྱུང་། ཐུགས་སྨོན་དང་བཅས། ཞེས་འཁོད།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།