༄༅། །ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་སྐུ་ཞབས་མ་ཡི་ཀེལ་ཝན་ལྦལ་ཊི་པི་རག་ (Dr. Michael van Walt van Praag) མཆོག་གི་དཔེ་དེབ་གསར་པ་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་གནད་བསྡུས་ (Tibet brief 2020) ཞེས་པའི་སྐོར་དྲ་རྒྱ་བརྒྱུད་བགྲོ་གླེང་ཚོགས་ཡོད།
དེ་ཡང་བྷོཌ་སྭ་ནའི་ཡུལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཁ་མ་ལན་ཁ་མ་ (Dr. Seretse Khama Ian Khama) མཆོག་གིས། རྒྱ་ནག་གིས་བོད་དབང་སྒྱུར་མ་བྱས་གོང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ས་ཁུལ་དང་། ཐུན་མོན་མིན་པའི་རིག་གཞུང་། གཞུང་གི་སྒྲིག་འཛུགས་མ་ལག་བཅས་ཡོད། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་བརྟེན་ཨ་རི་དང་ཨིན་ཡུལ་སོགས་ནས་རྒྱ་ནག་གཞུང་ལ་ཉེས་ཆད་བཏང་ཡོད། ལྷག་པར་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་ཡོད། ཅེས་གསུངས།
གཞན་ཡང་ཁོང་གིས་མང་གཙོ་དང་། འཛམ་གླིང་ཞི་བདེ་དང་གཏན་འཇགས་ཀྱི་སྒྲིག་འཛུགས་ལ་ཉེན་ཁ་ཆེ་ཤོས་ནི་རྒྱ་ནག་དམར་ཤོག་གཞུང་རེད། ཕྲན་རང་ཉིད་བོད་མི་མང་གི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་ངས་མུ་མཐུད་ནས་བོད་ཀྱི་རང་དབང་སླད་དུ་གོ་རྟོགས་སྤེལ་ངེས་ཡིན། ཞེས་གསུངས།སྐུ་ཞབས་མ་ཡི་ཀེལ་ཝན་ལྦལ་ཊི་པི་རག་མཆོག་གིས། ཕྱི་ལི་ ༡༩༥༠ ལོར་རྒྱ་ནག་གིས་བོད་དབང་སྒྱུར་བྱས་པ་དེ་དེང་རབས་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་ཅེས་གསུངས་པ་མ་ཟད། མི་སེར་སྤེལ་བའི་རྣམ་པ་གང་འདྲ་ཞིག་ཡིན་རུང་དེ་ནི་རྒྱལ་སྤྱིའི་ཁྲིམས་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་ཞེས་མི་སེར་སྤེལ་བའི་རིང་ལུགས་ཐོག་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་ལུང་འདྲེན་གནང་ཡོད། གཞན་ཡང་ཁོང་གིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་རྒྱལ་སྤྱིའི་སྟེང་ཨ་རི་དང་། ཨིན་ཡུལ། ཡུ་རོབ་སྤྱི་མཐུན་ཚོགས་པ་སོགས་ནས་རྒྱ་ནག་གཞུང་ལ་བཀའ་ཆད་བཏང་ཡོད། ཅེས་གསུངས།བྷོཌ་སྭ་ནའི་ཡུལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཁ་མ་ལན་ཁ་མ་མཆོག་དང་སྐུ་ཞབས་མ་ཡི་ཀེལ་ཝན་ལྦལ་ཊི་པི་རག་མཆོག་གིས་དྲ་རྒྱ་བརྒྱུད་གསུང་བཤད་གལ་ཆེ་གནང་བར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་ཡོད། ཐེངས་འདིའི་སྐར་མ་ ༩༠ ཅན་གྱི་དྲ་ཐོག་གི་བགྲོ་གླེང་ནི་ཀ་ལ་སེ་ཝེ་སེལ་སི་ (Klasie Wessels) ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། ལྷོ་ཨ་ཕི་རི་ཀའི་པི་རེ་ཊོ་རི་ཡའི་མཐོ་སློབ་ཁང་གི་སློབ་དཔོན་ཨན་ཐོ་ནེ་ (Anthony Goedals) ལགས་དང་། ཨ་ཊ་བྷོན་ཝུན་གྷ་ལོ་སི་ (Atabongwoung Gallous) ལགས་སོགས་མཉམ་ཞུགས་གནང་ཡོད། ལྷོ་ཨ་ཕི་རི་ཀའི་བོད་ཁང་གི་ཨི་ལི་ཛེ་བྷི་ཐི་ (Elizabeth) ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་ཡོད་པ་བཅས།།