༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཟླ་ ༢༡ ཉིན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་སྲུང་སྐྱོབ་ཚན་པས་ (United States Commission on International Religious Freedom) ཕྱི་ལོ་ ༢༠༢༡ ལོའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གིས་མུ་མཐུད་བོད་བརྒྱུད་ནང་བསྟན་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱས་དང་བྱེད་བཞིན་པ་འཁོད་ཡོད།
དེ་ཡང་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་སྲུང་སྐྱོབ་ཚན་པས་ཕྱི་ལོ་ ༢༠༢༡ ལོའི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་དང་གཞུང་གི་ལས་བྱེད་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ནང་མཉམ་ཞུགས་གནང་འཇུག་གི་མེད་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཉན་པའམ་སྐུ་པར་ཉར་ན་ཉེས་ཆད་གཅོད་ཀྱི་ཡོད།
དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༨ ནང་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟེར་བ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ཚོར་བ་ཤུགས་ཆེན་པོའི་སྒོ་ནས་གཏམ་བཤད་སྤེལ་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་དཀར་མཛེས་ཁུལ་གྱི་ནང་བསྟན་སློབ་གཉེར་ཁང་ཆེ་གྲས་ཡ་ཆེན་སྒར་གྱི་མཚོན་པས་བོད་ཀྱི་དགོན་སྡེ་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་འཁོད་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༩ ནང་ཨ་རིའི་གཞུང་གིས་ནིའུ་ཡོག་གྲོང་ཁྱེར་ནང་གི་བོད་རིགས་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ཞེས་པས་ཁྲིམས་འགལ་གྱི་ཐོག་ནས་རྒྱ་ནག་གཞུང་གི་ཆེད་བཙན་བྱོལ་བོད་མི་རྣམས་ལ་སོ་མྱུལ་བའི་ལས་དོན་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་དང་། དེ་བཞིན་སུ་ཝེ་ཌན་དང་། སུད་སི། ཁེ་ན་ཌ་བཅས་ཀྱི་གཞུང་གིས་ཀྱང་བཙན་བྱོལ་བོད་མི་རྣམས་ལ་སོ་མྱུལ་བའི་ལས་དོན་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གི་སོ་མྱུལ་བ་ཁག་གཅིག་འཛིན་བཟུང་བྱས་ཡོད་པ་འཁོད་ཡོད།
གཞན་ཡང་སྙན་ཐོ་དེའི་ནང་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ལག་བསྟར་གནང་དགོས་པ་དང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱས་ཚེ་ཨ་རི་གཞུང་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་དགོངས་ཚུལ་བཏོང་ཡོད་པ་མ་ཟད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་དང་། བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དོན་དམ་གྱི་གྲོས་མོལ་ཞུ་དགོས་པ་སོགས་ཀྱི་དགོངས་ཚུལ་བཏོན་ཡོད།།