༄༅། །རྒྱ་ནག་གིས་བོད་ཀྱི་གསེར་རྟ་རྫོང་ཁོངས་ནས་ཡིན་པའི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་། རྩོམ་པ་པོ་བོད་དང་སློབ་གསོ་བ། ཁོར་ཡུག་སྲུང་སྐྱོབ་པ་རུས་པའམ་སྲས་རྣམ་ལགས། བོད་ཀྱི་ཆབ་སྲིད་ལས་འགུལ་བ་དང་ཆབ་སྲིད་བཙོན་ཟུར་གངས་བུ་གཡུ་བྷྲུམ་ལགས། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གངས་ཚེ་རིང་སྒྲོལ་མ་ལགས་སོགས་བསྐྱར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ས་གནས་ཉེན་རྟོག་པས་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་གྱི་ཕྱི་དྲོར་གསེར་རྟ་རྫོང་ཁོངས་ནས་ཡིན་པའི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། གསེར་རྟ་རྫོང་གི་རགས་བཀྲམ་ཡུལ་ཚོ་ཏོག་ཚ་སྡེ་པ་ནས་ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་དང་སློབ་གསོ་བ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཕྱག་ལས་གནང་མཁན་སྲས་རྣམ་ལགས་ཀྱང་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་གྱི་ཕྱི་དྲོར་འཛིན་བཟུང་བཙན་ཁྲིད་བྱས་འདུག
ཕྱོགས་མཚུངས་གསེར་རྟ་རྫོང་གི་གོས་རྩ་སྡེ་པ་ནས་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་ཆ་ཤས་བླངས་མྱོང་བ་མ་ཟད། བོད་ཀྱི་རྒྱལ་དར་འཁྱེར་ནས་༧གོང་ས་མཆོག་ཕྱིར་བོད་ལ་ཕེབས་འཇུག་དགོས་པའི་སྐད་འབོད་གནང་བར་བརྟེན། ལོ་གསུམ་ལ་བཙོན་འཇུག་ཁྲིམས་ཐད་བཅད་དེ་གློད་གྲོལ་བྱུང་བ་དགེ་འདུན་པ་གངས་བུ་གཡུ་བྷྲུམ་ལགས་ཀྱང་ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་རྒྱ་གཞུང་གིས་སླར་ཡང་འཛིན་བཟུང་བྱས་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་ཐེངས་གསུམ་བྱས་ཏེ་གཅར་རྡུང་གིས་ནད་གཅོང་བཟོས་ཡོད་པ་ཆབ་སྲིད་བཙོན་ཟུར་ཚེ་རིང་སྒྲོལ་མ་ལགས་ཀྱང་ཕྱི་ཟླ་ ༤ ཚེས་ ༢ ཉིན་སླར་ཡང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། མིང་སོགས་གསལ་པོ་མ་ངེས་པའི་གསེར་རྟ་རྫོང་གི་མི་གཉིས་ཀྱང་འཛིན་བཟུང་བཙན་ཁྲིད་བྱས་ཡོད།
དེ་ཡང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་འཛིན་བཟུང་བྱེད་དགོས་བའི་རྒྱུ་མཚན་སོགས་ཁ་གསལ་མེད་པ་མ་ཟད། རྒྱ་ནག་གཞུང་ནས་དེའི་ཐད་གསལ་བཤད་གང་ཡང་བྱས་མེད། གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ཐོག་མར་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ ཉིན་འཛིན་བཟུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༦ བར་བཙོན་འཇུག་བྱས་རྗེས་གློད་གྲོལ་ཐོབ་ཡོད་ནའང་བཙོན་ཁང་དུ་གཅར་རྡུང་མནར་གཅོད་ཀྱིས་ནད་གཅོང་དུ་གྱུར་ཡོད་ཅིང་།
གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ནི་དཀར་མཛེས་ཁུལ། གསེར་རྟ་རྫོང་། རགས་བཀྲམ་ཡུལ་ཚོ། གེ་འཕེན་སྡེ་པ་ནས་ཡིན་པ་དང་། རགས་བཀྲམ་ཡུལ་ཚོའི་སློབ་ཆུང་དང་། གསེར་རྟ་རྫོང་སློབ་འབྲིང། དཀར་མཛེས་རྫོང་དུ་ཡོད་པའི་དགེ་འོས་སློབ་གྲྭ་རུ་སློབ་ཐོན་བྱུང་རྗེས། བརྡར་ཚང་དང་། ཧོར་ཤུལ་ཡུལ་ཚོ་གཉིས་ཀྱི་སློབ་གྲྭ་རུ་སྔ་རྗེས་དགེ་རྒན་དང། ཁོང་འཛིན་བཟུང་སྐབས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲག་མགོ་རྫོང་ཁོངས་སུ་གསར་འཛུགས་གནང་བའི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ལས་ཀ་བྱས་ཡོད་པ་རེད། ཁོང་གིས་ལས་ཞོར་དུ་རྩོམ་ཡིག་མང་པོ་བྲིས་ཡོད།
ཁོང་སྒེར་ངོས་ནས་བྲིས་པའི་རྩོམ་ཡིག་ཁག་གཅིག་ཀྱང་འགྲེམས་སྤེལ་གནང་ཡོད་འདུག རྩོམ་ཡིག་<< གྲོང་ཁྱེར་དང་བོད་མིའི་ཟུར་སྣེ་ཞིག >> ཅེས་པའི་བོད་མིའི་གྲོང་ཁྱེར་ནང་འཚོ་བ་སྐྱེལ་སྟངས་སྐོར་དང་། <<ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་ཡོན་ཏན་གྱི་ཟུར་ཙམ་ལ་བསྔགས་པ་དྲི་མེད་དར་དཀར་རིང་མོ། >> ཞེས་པའི་སྙན་ངག << ཁ་བའི་ཁྲོད་ཀྱི་རྣམ་ཤེས། >> སོགས་བོད་མིའི་བདེ་སྡུག་སྐོར་གྱི་རྩོམ་ཡིག་མང་པོ་ཡོད་འདུག་ལ། དེ་བཞིན་<<ལས་དབང་གི་རྒྱང་འབོད།>> <<ལོ་ཟླའི་ཁ་མདོག>> <<དུས་རབས་ཀྱི་ན་ཟུག>> <<དེ་རིང་གི་མིག་ཆུ།>> ཞེས་པ་སོགས་ཡོད་འདུག ཕྱི་ལོ་༢༠༠༨ལོར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས་ཀྱི་གནས་ཚུལ་<<ས་བྱི་ཁྲག་བྲིས་དམར་པོ་>>ཞེས་པའི་དཔེ་དེབ་ཅིག་ཀྱང་བཏོན་ནས་བཙན་བྱོལ་ནང་པར་སྐྲུན་འགྲེམས་སྤེལ་བྱས་ཡོད།
རྩོམ་པ་པོ་སྲས་རྣམ་ལགས་ཀྱིས་ཡིག་རྨོངས་སེལ་བའི་འཛིན་གྲྭ་སོགས་བཙུགས་ཏེ་སློབ་གསོའི་ལས་དོན་གཉེར་མཁན་ཞིག་དང་། ཁོར་ཡུག་སྲུང་སྐྱོབ་པ་ཞིག་ཀྱང་ཡིན། ཁོང་དེ་སྔ་ཕྱི་ལོ་ ༢༠༢༠ ཟླ་ ༩ པའི་ནང་གསེར་རྟ་རྫོང་དུ་འཛིན་བཟུང་གིས་ཉིན་གྲངས་ ༡༥ རིང་བཀག་ཉར་བྱས་འདུག་ཅིང་། སྐབས་དེར་འཛིན་བཟུང་བྱས་དོན་ནི། གངས་ཅན་ཕ་མའི་བདེ་ཐང་གླིང་ཟེར་བ་ཞིག་བཙུགས་པས་ཡིན། ད་རེས་ཏོག་ཚ་སྡེ་པའི་འབྲོག་ས་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད།
གཞན་ཡང་གསེར་རྟ་རྫོང་གོས་རྩ་སྡེ་པ་ནས་ཡིན་པའི་གངས་བུ་གཡུ་བྷྲུཾ་ལགས་གསེར་རྟ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་བར་གར་ཡོད་ཆ་མེད་དུ་གྱུར་འདུག གངས་བུ་གཡུ་བྷྲུམ་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་༧གོང་ས་མཆོག་བོད་ལ་ཕེབས་བཅུག་དགོས་པ་སོགས་ཀྱི་སྐད་འབོད་གནང་བར་བརྟེན། འཛིན་བཟུང་གིས་ལོ་གསུམ་རིང་བཙོན་འཇུག་བྱས་ཏེ་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༩ ཉིན་གློད་གྲོལ་ཐོབ་ཡོད་ཀྱང་ཕྱིས་སུ་ཁོང་དང་གྲོགས་པོ་ཁག་གཅིག་གིས་དམར་རྒོལ་གདོང་ལེན་ཚོགས་པ་ཟེར་བ་ཞིག་གསར་འཛུགས་གནང་སྟེ། བོད་ཀྱི་ས་གནས་མང་པོའི་ནང་བྱ་འགུལ་རབ་དང་རིམ་པ་སྤེལ་པར་བརྟེན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༤ ཉིན་སླར་ཡང་འཛིན་བཟུང་གིས་ལོ་གཉིས་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
གངས་ཚེ་རིང་སྒྲོལ་མ་ལགས་ནི་ཕྱི་ལོ་ ༢༠༠༨ ལོར་གསེར་རྟ་རྫོང་དུ་རང་གི་ཕ་བསོ་ལོ་དང་མཉམ་དུ་སྐད་འབོད་ཞི་རྒོལ་གནང་སྟེ་འཛིན་བཟུང་བཀག་ཉར་ཡུན་རིང་བྱས་ཡོད། དེའི་རྗེས་འཛིན་བཟུང་ཐེངས་ཁ་ཤས་བྱས་ཡོད་པ་དང་། འཛིན་ཐེངས་རེ་ལ་རྒྱ་ནག་ཉེན་རྟོག་པར་རྣམ་འགྱུར་མི་ལེགས་པ་བསྟན་པར་བརྟེན། སྔ་གཞུག་ཐེངས་དུ་མར་ཁྲིམས་ཁང་ནས་ཟླ་བ་མང་པོར་གཅར་རྡུང་དང་ཁྲིམས་འཇུག་སོགས་བྱས་ནས་བཙོན་གྲོལ་ཐོབ། ད་རེས་སླར་ཡང་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ལྟའི་ཆར་གར་ཡོད་ཆ་མེད་ཆགས་འདུག
སྔོན་མ་བཙོན་འཇུག་སྐབས་ཁྲིམས་ཁང་ནང་གཅར་རྡུང་དྲག་པོ་བཏང་ནས་རྐང་པའི་དཔྱི་མགོ་བཅག་ཡོད་པས་དྲོ་གྲང་གི་གནམ་གཤིས་འགྱུར་སྐབས་ན་ཟུག་ཆེ་བ་དང་། གྲིབ་སྐྱོན་བྱུང་བ། དྲན་ཤེས་ཉམས་པ། སྙིང་ནད་སོགས་བྱུང་ནས་ལུས་སེམས་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད།
ཁོང་རྣམ་པར་རྒྱ་ནག་གཞུང་གིས་ནམ་རྒྱུན་མྱུལ་ཞིབ་ལྟ་རྟོག་གི་འོག་ཡོད་པ་མ་ཟད། དུས་ཆེན་ཁག་གི་སྐབས་སུ་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་དང་གནས་སྟངས་གསལ་བཤད་བྱེད་པར་འགྲོ་དགོས་པ། གསེར་རྟ་རྫོང་ནང་ཁུལ་ལས་ས་གནས་གཞན་དུ་འགྲུལ་བསྐྱོད་མི་ཆོག་པ་སོགས་རྟག་པར་དམ་དྲག་འོག་ཚུད་ཡོད།
གཞན་ཡང་ཉེ་ལམ་ཁོང་ཚོ་དང་འདྲ་བར་གསེར་རྟ་རྫོང་གི་བོད་མི་གཞན་གཉིས་ཀྱང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ནའང་མི་སུ་ཡིན་དང་མིང་སོགས་གསལ་པོ་ངོ་རྟགས་ཆོད་མེད། །