༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༩ ཉིན་ཨི་ཊིའི་བོད་རིགས་མཐུན་ཚོགས་དང་བྷི་ཊར་ཝིན་ཊར་ (Bitter winter) ཞེས་པའི་རྒྱ་ནག་གི་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དུས་དེབ་ཁང་། དེ་བཞིན་བོད་ཀྱི་ཤུལ་དངོས་དང་ (AREF International) ཞེེས་པའི་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག་ཨི་ཊ་ལིིའི་གྲོས་ཚོགས་འཐུས་མི་དང་ལྷན་དུ་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་ཁོར་ཡུག་རྩ་གཏོར་གཏོང་བཞིན་པའི་སྐོར་དྲ་ལམ་བརྒྱུད་བགྲོ་གླེང་ཞིག་བསྐོང་ཚོགས་གནང་ཡོད།
དེ་ཡང་བགྲོ་གླེང་ལས་རིམ་ཐོག་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་དང་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལུ་ཨི་ཀཱ་ནི་ནོ་བྷི་ལི་ (Luicani Nobili) ལགས་དང་། ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཏོ་བྷར་ཌོ་རཱམ་པི་ (Roberto Rampi) ལགས། ཨི་ཊ་ལིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨེན་ཏོ་ནེ་ལ་ཨིན་ཀར་ཏི་ (Antonella Incerti) ལགས། པཱ་ཨོ་ལོ་ཕར་མེན་ཌི་ནི་ (Paolo Formentini) ལགས། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་འགན་འཛིན་སྒྲོལ་ཀུན་ཨི་སཱ་ (Dolkun Isa) ལགས། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་སོགས་མཉམ་ཞུགས་གནང་ཡོད།སྐབས་དེར་བྷི་ཊར་ཝིན་ཊར་ཞེས་པའི་རྒྱ་ནག་གི་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དུས་དེབ་ཁང་གི་འགན་འཛིན་སྐུ་ཞབས་མཱར་ཀོ་ (Marco Respinti) ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་ནང་པ་དང་། ཡུ་གུར་ཁ་ཆེ། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་བཅས་ཀྱི་ཐོག་དྲག་གནོན་ཇེ་ཆེར་གཏོང་བཞིན་པའི་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་དང་རིག་གཞུང་རྩ་བརླག་ཏུ་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་གསལ་འདོན་གནང་།བོད་ཀྱི་ཤུལ་དངོས་ཞེས་པའི་ཚོགས་པའི་ཚོགས་གཙོ་ (Piero Verni) ལགས་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་སྐོར་དང་རྒྱ་ནག་གིས་ཧོང་ཀོང་ཐོག་བཞག་པའི་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་མེད་བཏང་བའི་གནད་དོན་ལུང་འདྲེན་གྱིས་རྒྱ་ནག་ཏུ་དགུན་དུས་རྒྱལ་སྤྱིའི་ཨོ་ལེམ་པིག་རྩེད་འགྲན་འཚོགས་རྒྱུར་ངོ་རྒོལ་དགོས་གལ་སྐོར་གསུངས།
གཞན་ཡང་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་དང་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལུ་ཨི་ཀཱ་ནི་ནོ་བྷི་ལི་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་ཐོག་བགྲོ་གླེང་གི་ལས་རིམ་ཞིག་བསྐོང་ཚོགས་གནང་བ་བརྒྱུད་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༢ སྲུང་བརྩི་ཞུས་པར་བསྔགས་བརྗོད་དང་། དྲ་ཐོག་ལས་རིམ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མཉམ་ཞུགས་གནང་སྟེ་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་སྐོར་འགྲེལ་བརྗོད་གནང་ཡོད་སྐོར་སོགས་གསུངས།དེ་བཞིན་ཨི་ཊ་ལིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨེན་ཏོ་ནེ་ལ་ཨིན་ཀར་ཏི་ལགས་ཀྱིས་ཁོང་དེ་སྔ་བཞུགས་སྒར་རྡ་སར་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པ་དང་འབྲེལ་རྒྱ་ནག་གཞུང་གིས་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་བའི་གནད་དོན་ཐོག་བཀའ་བསྡུར་ཞུ་རྒྱུའི་གོ་སྐབས་བྱུང་སྐོར་དང་བོད་ནང་གཞི་རྒྱ་ཆེ་བའི་ཆུ་མཛོད་རྒྱག་བཞིན་པ་དེས་རང་བྱུང་ཁོར་ཡུག་ལ་དཀའ་ངལ་ཅི་ཆེར་འཕྲད་རྒྱུ་ཡིན་སྐོར་སོགས་གསུངས་ཡོད།
སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་བོད་མིར་མི་སྤྱོད་ལས་འདས་པའི་མནར་གཅོད། མི་རིགས་དབྱེ་འབྱེད་སོགས་འཆར་གཞི་ལྡན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་ངོ་སྤྲོད་དང་འབྲེལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་དང་ཤིན་ཅང་། ཧོང་ཀོང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་མུ་མཐུད་རྒྱབ་སྐྱོར་དང་གླེང་སློང་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།
ཐེངས་འདིའི་ཚོགས་འདུའི་ཐོག་ཕྱི་ལོ་ ༢༠༢༢ ལོར་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལེམ་པིག་ (Olympic) རྩེད་འགྲན་འཚོགས་རྒྱུ་དེ་བཞིན་ཕྱིར་འཐེན་དགོས་སྐོར་སྤྱི་མོས་ཀྱིས་གསུངས་གནང་འདུག །