༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༨ ཉིན་རྒྱ་གར་གྱི་གྲོང་ཁྱེར་ཨུ་དཡ་པུར་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་ཚོང་ལས་མཐོ་སློབ་ཁང་གི་ (Public Policy) ཞེས་པའི་ཚན་པས་དྲ་ལམ་བརྒྱུད་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད།
བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་ནི། སྤྱི་པའི་སྲིད་བྱུས་དང་འབྲེལ་བའི་ཐོག་སློབ་སྦྱོང་བྱེད་རྒྱུ་དང་ཞིབ་འཇུག་བྱེད་རྒྱུ་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡག་པོ་རྟོགས་ཐུབ་པའི་ཆེད་ཡིན། བགྲོ་གླེང་ཐོག་མཐོ་སློབ་དེའི་དགེ་རྒན་སོ་རབ་གྷུབ་ཏཱ་ (Dr Saurab Gupta) ལགས་དམིགས་གསལ་མགྲོན་འབོད་གནང་ཡོད་པ་དང་། གསུང་བཤད་གནང་མཁན་སྐུ་ཞབས་རཱ་ཧུལ་ཀ་ཤྱབ་ (Shri. Rahul Kashyap) ལགས་དང་། འཕགས་བོད་འབྲེལ་མཐུད་
དེ་ཡང་སྐུ་ཞབས་རཱ་ཧུལ་ཀ་ཤྱབ་ལགས་ཀྱིས་ཚོང་ལས་ཉམས་ཞིབ་ཀྱི་གྲུབ་ཆ་གཙོ་བོ་དང་། དེ་བཞིན་སྤྱི་པའི་སྲིད་བྱུས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་ནན་བཤད་གནང་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ནི་རྒྱལ་སྤྱིའི་འབྲེལ་ལམ་ནང་མི་རྣམས་འཇིགས་སྣང་སྐྱེ་དགོས་པའི་ཞིབ་འཇུག་བྱེད་གཞི་ཞིག་ཡིན་མོད། སློབ་ཕྲུག་དང་ཆེད་ལས་མི་སྣ་རྣམས་ཀྱིས་ངེས་པར་དུ་ཕྱོགས་ཚང་མའི་གནད་དོན་ཐོག་གཟིགས་དགོས་སྐོར་དང་།དེ་བཞིན་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་དོན་རྐྱེན་རབ་དང་རིམ་པ་བྱུང་ཡོད་པའི་ཐད་ཕྱིར་དྲན་གནང་ཡོད་པ་དང་། ལྷག་པར་ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ས་ཁུལ་དུ་རྒྱ་དཀར་ནག་དབར་རྩོད་རྙོག་བྱུང་བའི་སྐབས་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱས་ཡོད་པའི་སྐོར་གསུང་བཤད་གནང་ཡོད།
དེ་རྗེས་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་རྒྱ་དཀར་ནག་དབར་ཀྱི་ཚོང་དང་། རིག་གཞུང་། ས་བབ་གནས་སྟངས། དེ་བཞིན་ཆབ་སྲིད་དང་སྤྱི་ཚོགས་བཅས་ཀྱི་འབྲེལ་ལམ་ཐོག་གསུང་བཤད་གནང་ཡོད། ཁོང་གིས་བོད་དང་རྒྱ་གར། རྒྱ་ནག་དབར་རིག་གཞུང་གི་འབྲེལ་ལམ་ཐོག་གསུང་བཤད་གནང་སྟེ་དེ་སྔ་རྒྱ་ནག་གི་མཁས་པ་ཚོ་རྒྱ་གར་ལ་འབྱོར་ཏེ་ནང་པའི་ལྟ་གྲུབ་སྐོར་སློབ་སྦྱོང་བྱས་ནས་ཕྱིར་ལོག་རྗེས་རྒྱ་ནག་རང་ཉིད་ཀྱི་སྲོལ་རྒྱུན་སློབ་སྦྱོང་བྱེད་སྟངས་ཁོངས་སུ་བཅུག་ཡོད་སྐོར་དང་། བོད་པའི་མཁས་པ་རྣམས་རྒྱ་གར་ལ་འོང་སྟེ་ནང་པའིི་ལྟ་གྲུབ་སྐོར་སློབ་སྦྱོང་གནང་ཡོད་པ་མ་ཟད། དཔལ་ནཱ་ལེནྡྲའི་རྒྱ་གར་གྱི་མཁས་པ་མང་པོ་བོད་ལ་གདན་འདྲེན་ཞུ་ཐུབ་ཡོད་སྐོར་སོགས་གསུངས།
གཞན་ཡང་ཁོང་གིས་རྒྱ་ནག་ནང་གི་མི་འབོར་ས་ཡ་ ༢༤༠ ལྷག་ནང་པ་ཡིན་ཡང་དེའི་ནང་ནས་རྒྱ་རིགས་ནང་པ་བརྒྱ་ཆ་ ༣༠ ཙམ་གྱིས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ཀྱི་ཉེན་ཁར་མ་འཛེམས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་སུ་འབྲངས་ཀྱི་ཡོད། ཅེས་དང་། དེ་བཞིན་ས་བབ་གནས་སྟངས་ཐད་བོད་དང་། རྒྱ་གར། རྒྱ་ནག་བཅས་ཀྱི་འབྲེལ་ལམ་ཐོག་གསུང་བཤད་གནང་ཡོད་པ་མ་ཟད་མཉམ་ཞུགས་པ་རྣམས་ཀྱིས་དེ་སྔ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་སློབ་ཆུང་གི་སྤྱི་ཚོགས་ཚན་རིག་གི་བསླབ་གཞི་སྟེང་རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བརྗོད་གཞིའི་ཐོག་བསྐྱར་དུ་ཞིབ་ལྟ་གནང་དགོས་པའི་དྲན་སྐུལ་ཡང་གནང་ཡོད་པ་དང་།
རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང་། བོད་ནས་འབབ་པའི་ཡར་ཀླུངས་གཙང་པོས་གཙོས་རྒྱུག་ཆུ་ཆེ་ཁག་ཐོག་ཆུ་མཛོད་ཧ་ཅང་མང་པོ་བརྒྱབ་ཡོད་པ་དེས་མ་འོངས་པར་རྒྱ་གར་གྱིས་གཙོས་བོད་ཀྱི་ས་འབྲེལ་མངའ་ཁུལ་ཡོངས་ལའང་རང་འབྱུང་གོད་ཆགས་ཀྱི་གནོད་འཚེ་ཚབས་ཆེ་ཕོག་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད། ཕྱོགས་མཚུངས་ཉེ་ལམ་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་བཙན་བཤེད་ངང་དྲག་གནོན་གྱི་བདེ་འཇགས་བཅའ་ཁྲིམས་གསར་པ་ལག་བསྟར་བྱས་པའི་སྐོར་དང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་རྩ་ཁྲིམས་ཀྱི་དབང་ཆར་ཐེས་ཇུས་བྱེད་ཀྱི་ཡོད།རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་གནད་དོན་འདི་དག་གི་ཐད་དུས་བསྟུན་ཁ་གསབ་གནང་བ་དང་། རྒྱ་གར་མང་ཚོགས་ཁྲོད་དངོས་ཡོད་གནས་ཚུལ་རྣམས་ཁྱབ་སྤེལ་བཏང་སྟེ་རྒྱ་གར་མི་མང་ནས་དྲང་བདེན་དང་དོན་དངོས་ཀྱི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་བརྩོད་ལ་ཞིབ་བསྡུར་བྱ་རྒྱུའི་རེ་བ་བྱེད་དགོས་སྐོར་ནན་བཤད་གནང་ཡོད། ལས་རིམ་གྱི་མཐའ་མར་སྐུ་ཞབས་རི་ཤབ་གྷུབ་ཏ་ (Mr Rishab Gupta) ལགས་ཀྱིས་མཉམ་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །