༄༅། །འདི་གར་མེའོ་ཆོས་འཕེལ་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོདང་དོན། མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་སྒར་གྱི་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༥ རེས་གཟའ་ཉི་མ་ནས་འགོ་འཛུགས་ཀྱིས་རེས་གཟའ་ཉི་མ་འཆར་ཅན་ལ་ཨ་རུ་ནཱ་ཅལ་བྱང་ཤར་ས་མཚམས་གཞུང་ལམ་སྒྲིག་འཛུགས་ཀྱི་ (Project Udayak, Border Road Organization) སྨན་པའི་གཙོ་འཛིན་གཞོན་པ་གཅིག་དང་། སོའི་སྨན་པ་གཅིག བརྟག་དཔྱད་པ་གཅིག སྨན་ཞབས་ལས་རོགས་གཅིག་བཅས་ཁྱོན་ལས་བྱེད་བཞི་སྔ་དྲོ་ཚོུད་ ༡༡།༠༠ ནས་ ཕྱི་དྲོ་ཚོུད་ ༤།༠༠ བར་གཞིས་སྒར་མང་ཚོགས་ཀྱི་འཕྲོད་བསྟེན་བསྟེན་གཏུགས་གནང་འགོ་བཙུགས་ཡོད།དེ་ཡང་སྨན་པ་བསྐོར་བསྐྱོད་ཀྱི་ལས་གཞི་འདི་བཞིན་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༥ ཧྲིལ་པོ་འཁོར་བ་དང་བསྟུན་སྤེལ་བ་ཞིག་ཡིན་འདུག སྐབས་དེར་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་དེར་སྐུ་མགྲོན་གཙོ་བོ་ཨ་རུ་ནཱ་ཅལ་བྱང་ཤར་ས་མཚམས་གཞུང་ལམ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་པ་སྐུ་ཞབས་ལྦི་མལ་གྷོ་སྭ་མི་ལགས་ཀྱི་སྐུ་ཟླ་ཆ་ཡ་གྷོ་སྭ་མི་ལགས་དང་། རྫོང་དཔོན་གཞོན་པ་སྐུ་ཞབས་སན་ནི་ཀེ་སིང་ལགས། སྨན་པའི་གཙོ་འཛིན་གཞོན་པ་སྐུ་ཞབས་སུ་བྷིར་བཱོས་ལགས། སོའི་སྨན་པ་སྐུ་ཞབས་མུན་ཤི་ཀམ་རུ་ཧཱ་སན་ལགས། རྫོང་དཔོན་གཞོན་པའི་ལས་རོགས་སྐུ་ཞབས་ལུང་པི་ལགས། ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས། ས་འཐུས་ཚོགས་གཙོ་དབང་ཆེན་གྲགས་པ་ལགས། ས་གནས་འཕྲོད་བསྟེན་འགན་འཛིན་བསྟན་འཛིན་ལྷ་དབང་ལགས། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་དང་ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད། སྤྱི་མི་རྣམ་པ་བཅས་ལྷན་འཛོམས་ཐོག་ལྕམ་སྐུ་ཆ་ཡ་གྷོ་སྭ་མི་ལགས་ཀྱིས་སྨན་པ་བསྐོར་བསྐྱོད་ཀྱི་ལས་གཞི་དབུ་འབྱེད་གནང་ཡོད།དེ་ཡང་ས་གནས་འཕྲོད་བསྟེན་སྨན་ཁང་དུ་མཐུན་རྐྱེན་ཁག་ཚད་ལྡན་ཡོད་རུང་བེད་སྤྱོད་གནང་མཁན་སྨན་པ་དང་ཁྱད་ལས་པ་མེད་པར་སོང་གཞིས་མི་མང་ཚོགས་ཀྱི་འཕྲོད་བསྟེན་དང་འབྲེལ་བསྟེན་གཏུགས་སྐབས་ས་ཐག་རིང་པོར་འགྲོ་དགོས་པ་སོགས་ཀྱི་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་ན། མེའོ་རྫོང་དཔོན་གཞོན་པ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་གཞིས་སྒར་ནང་འཚམས་གཟིགས་སུ་ཕེབས་སྐབས་ས་གནས་འགོ་འཛིན་གྱིས་སྡེ་ཚན་ཁག་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ་ས་གནས་འཕྲོད་བསྟེན་སྨན་ཁང་དུ་མཐུན་རྐྱེན་ཡོད་རུང་། སྨན་པ་དང་ཁྱད་ལས་པ་མེད་པར་སོང་བེད་སྤྱོད་གཏོང་མི་ཐུབ་པར་ལྷག་པ་མ་ཟད། གཞིས་མི་རྣམས་ལ་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་འཕྲད་སྐབས་ཕྱིར་འགྲོ་དགོས་བྱུང་གི་ཡོད་སྐོར་འགྲེལ་བརྗོད་ཞུས་འབྲས་སུ་རྫོང་དཔོན་གྱིས་སྨན་པ་ཐོབ་ཐབས་འབད་བརྩོན་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་དང་། ཕྱིས་སུ་མངའ་གཞུང་སྤྱི་ཁྱབ་བློན་ཆེན་མཆོག་གཞིས་སྒར་ནང་འཚམས་གཟིགས་ཕེབས་སྐབས་ཀྱང་ས་གནས་འགོ་འཛིན་གྱིས་གཞིས་སྒར་ནང་སྨན་པ་མེད་པའི་དཀའ་ངལ་ཞུས་ཐུབ་པ་བྱུང་ཡོད།སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་གིས་གང་ཐུབ་རོགས་རམ་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད། ལྷག་པར་འདི་ཟླའི་ཚེས་ ༢༠ ཉིན་ཨ་རུ་ནཱ་ཅལ་བྱང་ཤར་ཁུལ་གྱི་ས་མཚམས་གཞུང་ལམ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་པ་རྫོང་དཔོན་གཞོན་པ་དང་ལྷན་ས་གནས་འགོ་འཛིན་ལས་ཁང་དུ་ཕེབས་སྐབས་འདི་གའི་འཕྲོད་བསྟེན་སྨན་ཁང་དུ་ཆེད་ཁྲིད་ཀྱིས་སྨན་པའི་དཀའ་ངལ་ཞུས་འབྲས་སུ་ཁོང་ནས་གཟའ་འཁོར་རེར་སྨན་པ་ཐེངས་གཅིག་གཏོང་རྒྱུའི་ཞལ་བཞེས་བཟང་པོ་ཡོད་པ་བཞིན་ད་རེས་ས་གནས་འགོ་འཛིན་གྱི་ལག་ཏུ་སྨན་པ་གཏོང་རྒྱུའི་ཐག་གཅོད་ཀྱི་གཞུང་འབྲེལ་ཡིག་ཆུང་ཞིག་ཀྱང་ཕུལ་གནང་བྱུང་ཡོད།དེ་རིང་གཞིས་སྒར་གྱི་གཞིས་མི་ནད་པ་རྣམས་བསྟེན་གཏུགས་བྱས་ཏེ་སྨན་པས་ལམ་སྟོན་དང་། དགོས་གལ་གསོལ་སྨན་ཁག་ཕུལ་ཐུབ་པ་བྱུང་ཡོད་ན་ལས་གཞི་དེས་རང་རེའི་གཞིས་སྒར་ནང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཧ་ཅང་ཆེན་པོ་ཐུབ་པ་བྱུང་ཡོད་ན། གོ་སྐབས་འདི་བརྒྱུད་མངའ་གཞུང་གི་བློན་ཆེན་སྐུ་ཞབས་ཀམ་ལོང་མོ་སང་མཆོག་དང་། ཨ་རུ་ནཱ་ཅལ་བྱང་ཤར་ས་མཚམས་གཞུང་ལམ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་པ། མེའོ་རྫོང་དཔོན་གཞོན་པ། དེ་བཞིན་ཨ་རུ་ནཱ་ཅལ་མངའ་གཞུང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་ཟླ་འདིའི་ཚེས་ ༨ ཉིན་མངའ་གཞུང་གྲོང་ཁྱེར་འཛུགས་བསྐྲུན་གྱི་བློན་ཆེན་སྐུ་ཞབས་ཀམ་ལོང་མོ་སང་མཆོག་དང་། རྫོང་དཔོན་གཞོན་པས་བཀོད་མངགས་ལྟར་མེའོ་གྲོང་ཁྱེར་འཛུགས་སྐྲུན་ལས་ཁུངས་ནས་རང་རེའི་གཞིས་སྒར་གྱི་གད་སྙིགས་གཙང་བཟོ་ཆེད་གད་སྙིགས་འོར་འདྲེན་གྱི་སྣུམ་འཁོར་གཅིག་ས་གནས་འགོ་འཛིན་ལས་ཁུངས་སུ་རྩིས་སྤྲོད་གནང་ཡོད་པ་དེས་གཞིས་སྒར་ནང་དངོས་སུ་གད་སྙིགས་འོར་འདྲེན་གྱི་ལས་གཞི་འགོ་བཙུགས་ཟིན་ཡོད་པ་དེས་སྤྱི་ཡོངས་ཀྱི་གཞིས་སྒར་གྱི་ཁོར་ཡུག་དང་། སྒོས་སུ་མང་ཚོགས་ཀྱི་འཕྲོད་བསྟེན་ལའང་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་ན་བསྐྱར་དུ་མངའ་གཞུང་བློན་ཆེན་སྐུ་ཞབས་ཀམ་ལོང་མོ་སང་མཆོག་དང་། རྫོང་དཔོན་གཞོན་པ། ཨ་རུ་ནཱ་ཅལ་མངའ་གཞུང་བཅས་ནས་འདི་གའི་གཞིས་སྒར་ཆེད་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། །