༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཉིན་བྱང་ཨ་རིར་གནས་བཞུགས་བོད་མི་རྣམས་ནས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་དངོས་གཞིའི་འོས་ཤོག་འཕངས་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༦ ཉིན་བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གིས་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་ངོ་དེབ་བརྒྱུད་ཨ་རི་ཁུལ་གྱི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད།
དེ་ཡང་བྱང་ཨ་རི་ཁུལ་ནས་བོད་མི་འོས་འཕེན་པ་གསར་པ་གྲངས་ ༣༦ ཚུད་པའི་ཁྱོན་བོད་མི་གྲངས་ ༡༤༢༩༦ གིས་དེབ་སྐྱེལ་གནང་ཡོད་པ་དང་། དེའི་ཁྲོད་ནས་བོད་མི་གྲངས་ ༡༡༩༣༧ ཙམ་གྱིས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་དངོས་གཞིའི་འོས་ཤོག་འཕངས་ཡོད། འོས་ཤོག་འཕེན་མཁན་བརྒྱ་ཆ་ ༨༣.༤༩ ཟིན་གྱི་ཡོད།བྱང་ཨ་རིའི་ས་གནས་འོས་བསྡུའི་འགན་འཛིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། འོས་བསྡུ་འགན་འཛིན་ལས་རོགས་བྱང་ཨ་རིའི་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་དང་ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཤེས་རབ་མཐར་ཕྱིན་ལགས་བཅས་ཡིན་ཞིང་། བྱང་ཨ་རིའི་ས་གནས་ཁག་ཏུ་ས་གནས་འོས་བསྡུ་ལས་ཁང་གྲངས་ ༢༦ དང་། ཁེ་ན་ཌའི་ས་གནས་ཁག་ཏུ་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥ བཅས་ཁྱོན་འོས་བསྡུ་ལས་ཁང་གྲངས་ ༣༡ ཡོད།
དབུས་འོས་བསྡུ་ལས་ཁང་གི་སྒྲིག་གཞི་ལྟར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་སྣེ་ཁྲིད་འོག་ས་གནས་འོས་བསྡུ་ལས་ཁང་རེ་རེར་ཚོགས་མི་གྲངས་ ༨ དང་ཟུར་དཔང་གྲངས་ ༣ བསྐོ་གཞག་ཞུས་ཡོད། ཁྱོན་བོད་མི་གྲངས་ ༢༩༣ ཙམ་གྱིས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་ལས་རིམ་སླད་ཕྱག་རོགས་གནང་ཡོད་པ་བཅས།།