༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༥ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཉི་མ་རྒྱལ་མཚན་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།
དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཉི་མ་རྒྱལ་མཚན་ལགས་ཀྱིས་གསུང་དོན། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་པའི་ནད་པའི་གྲངས་ཇེ་ཆེར་འཕེལ་ཞིང་འདས་པའི་ཆུ་ཚོད་ ༢༤ ནང་ནད་པ་གྲངས་འབུམ་གཉིས་ལྷག་བྱུང་འདུག་པས་རྒྱ་གར་རྒྱལ་ཡོངས་ནང་གནས་སྟངས་ཛ་དྲག་ཆགས་ཚེ་ང་ཚོ་རྒྱ་གར་ནང་བཞུགས་བོད་མི་རྣམས་ལའང་དེ་མཚུངས་ཉེན་ཁ་ཆེ་རུ་འགྲོ་ངེས་ལ་བརྟེན་འདས་པའི་ཉམས་མྱོང་ལས་ནད་གཞི་ཕོག་པ་མང་ཆེ་བ་འགྲིམ་འགྲུལ་བྱེད་པ་དང་། མི་མང་འདུ་འཛོམས་བྱེད་པ། སྨན་ཁང་ལ་སྨན་བཅོས་དང་སྨན་གཡོག་བྱེད་སྐབས། དེ་བཞིན་བོད་མི་ཁ་ཐོར་མང་པོ་ཞིག་ཡུལ་མི་དང་འདྲེས་ནས་བཞུགས་ཡོད་དུས་དེ་ཚོའི་བརྒྱུད་ནས་ནད་གཞི་ཕོག་པ་མང་པོ་ཐོན་ཡོད་ན། ང་ཚོས་ད་ལྟའི་དུས་སུ་ནད་ཡམས་ཁྱབ་གདལ་བཀག་འགོག་གི་བྱ་སྤྱོད་ཁ་རས་གྱོན་རྒྱུ། མིིའི་དབར་རྒྱང་ཐག་འཇོག་རྒྱུ། ལག་པ་ཡང་སེ་འཁྲུད་རྒྱུ་བཅས་སྤྱོད་པ་དེ་རྣམས་ལས་སླ་པོ་ཡིན་པ་གང་ཞིག་གནད་འགག་ཆེན་པོ་ཆགས་པས་རྒྱུན་ལྡན་གོམས་གཤིས་ལ་འཇོག་རྒྱུ་ཧ་ཅང་གལ་ཆེ་བ་གསུངས།ཉེ་བའི་ཆར་བོད་མིའི་སློབ་གྲྭ་ཁག་སྒོ་ཕྱེ་བ་ལས་སློབ་གྲྭའི་སློབ་མ་ཁག་གཅིག་ལ་ནད་གཞི་ཕོག་པ་བྱུང་ཡོད་ན། ནད་གཞི་ཕོག་པ་ཨ་ཅང་ཅང་ནད་གཞི་ཕོག་པ་དང་འབྲེལ་བ་བྱུང་བ་རྣམས་ངེས་པར་དུ་ཟུར་བཀག་ཐོག་བཞུགས་པ་དང་། བརྟག་དཔྱད་བྱས་ནས་བརྟག་དཔྱད་གྲུབ་འབྲས་མ་ཐོན་བར་ཕྱིར་གང་བྱུང་ཕེབས་པ་དང་མི་གཞན་ལ་ཐག་ཉེའི་འབྲེལ་བ་མ་གནང་རོགས། ད་ལྟའི་ནད་ཡམས་འདིར་ལུས་པོའི་འཕྲོད་བསྟེན་ཙམ་མིན་པར་སེམས་ཁམས་ལ་དཀའ་ངལ་ཇེ་ཆེར་འཕྲད་བཞིན་པར་སེམས་ཁམས་འཕྲོད་བསྟེན་ཐོག་ཐུགས་སྣང་གནང་གལ་ཆེ། དེ་བཞིན་སྐུ་ན་བགྲེས་པ་རྣམས་སྲུང་སྐྱོབ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ན་སྐུ་ན་བགྲེས་པ་རྣམས་ལ་ཞལ་པར་བརྒྱུད་བཀའ་མོལ་དང་གནས་སྟངས་རྒྱུས་ལོན་གནང་རྒྱུ་གལ་ཆེ།
གནད་དོན་གསུམ་པ་དེ་ད་ཆ་རྒྱ་གར་ནང་ལོ་ན་ ༤༥ ཡན་ལ་སྔོན་ཁབ་རྒྱག་བཞིན་ཡོད་ན་བོད་མི་གང་མང་ནས་སྔོན་འགོག་སྨན་ཁབ་བཞེས་དགོས་ལ་སྔོན་ཁབ་བརྒྱབ་ཟིན་པའི་རྗེས་སུའང་ཁ་རས་གྱོན་རྒྱུ་དང་མིའི་དབར་རྒྱང་ཐག་འཇོག་རྒྱུ་རྣམས་ངེས་པར་དུ་གནང་དགོས། མཐའ་དོན་ས་གནས་འགོ་འཛིན་གྱིས་གཙོས་ས་གནས་སུ་སྨན་པ་དང་སྨན་ཞབས་སོགས་འཕྲོད་ལས་པ་དང་དང་བླངས་ཞབས་ཞུ་བ་མང་དག་ཅིག་གིས་ནད་ཡམས་འདིའི་ཁྱབ་གདལ་བཀག་འགོག་ཆེད་ངལ་བ་དུ་མ་གནང་བཞིན་པར་མི་མང་ནས་དེའི་ཐོག་འཕྱར་གྲུ་མཉམ་འདེགས་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་དེ་དོན་ནན་ཏན་བྱེད་ནས་ཞུ་རྒྱུ་ཡིན། དཀའ་ངལ་ཞིག་འཕྲད་ན་ང་ཚོ་ཚང་མ་མཉམ་དུ་ཟག་འགྲོ་བར་བརྟེན་ད་ལྟའི་དུས་ཚོད་འདིར་ཚང་མས་མཉམ་རུབ་གནང་རོགས་གནང་ཞེས་འབོད་སྐུལ་ཞུས། གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་རྒྱ་གར་ནང་བོད་མི་གྲངས་ ༢༣༢ ༼རང་ཁྱིམ། ༡༥༡ ཚོགས་སྡེ་དང་སྒྲིག་འཛུགས་ཀྱིས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༨༡༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། གཉིས་པ་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་ ༢༨༧༧༠ རིན་མེད་ཕུན་ཟིན་པ་དང་། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༧ ལ་ཁ་པར་བརྒྱུད་ནས་སེམས་ཁམས་འཕྲོད་བསྟེན་སློབ་གསོ་གནང་བ་བྱུང་ཡོད་པ་དང། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་བདུན་ཕྲག་འདིའི་ནང་ཁྱོན་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་གྲངས་ ༧༥༣ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་ཐུབ་པ་བྱུང་ཡོད།
རྒྱ་གར་ནང་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་ནས་ད་བར་ཁྱོན་མི་གྲངས་ ༡༣༧༠༧ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་ས་གནས་སྨན་ཁང་ནང་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད། གཞན་ཡང་དབུས་དང་ས་གནས་ཛ་དྲག་ཚོགས་ཆུང་ནས་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་དང་འབྲེལ་དྲ་ཐོག་ནས་ཆེད་ལས་སྨན་པའི་ལམ་སྟོན་དང་འཛིན་སྐྱོང་ནས་མཐུན་འགྱུར་ཞུ་དགོས་ཐད་དྲ་ཐོག་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཕོག་པ་སྙན་གསང་ཞུ་རྒྱུར། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༨༠ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༤༣ དང་། བུད་མེད་གྲངས་ ༣༧ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༨༤ དང་ཆུང་ཤོས་དེ་ལོ་ ༡ ཡིན། ནད་རྟགས་ཡོད་མེད་ཀྱི་གྲངས་ད་ལྟ་ཆ་ཚང་བ་འབྱོར་མེད་ཀྱང་ནད་གཞི་ཕོག་པ་དང་དེ་བཞིན་ནད་པ་དང་ཐད་ཀར་འབྲེལ་གཏུག་བྱུང་བ་རྣམས་རང་ཁྱིམ་དང་། ཚོགས་སྡེའི་ཟུར་བཀག་ཐོག་དོ་ནན་བཞུགས་བཞིན་གསོ་བཅོས་གནང་བཞིན་ཡོད།
ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༡༨༣༧ དྲག་སྐྱེད་བྱུང་བ་མི་གྲངས་ ༡༦༤༨ འདས་གྲོངས་སོང་བ་མི་གྲངས། ༤༨ ད་ལྟ་ནད་མནར་གསོ་བཅོས་བཞིན་པ་མི་གྲངས། ༡༤༡ ཡོད་པ་ཡིན།
བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། ད་བར་རྒྱལ་སྤྱིའི་ནང་ནད་གཞི་འདི་ཕོག་པའི་མི་གྲངས་ས་ཡ་ ༡༣༦ དང་། བྱེ་བྲག་རྒྱ་གར་ནང་ས་ཡ་ ༡༤ ལྷག་བྱུང་ཡོད། རྒྱ་གར་ནང་ད་ལྟ་ནད་མནར་བཞིན་པ་མི་གྲངས་འབུམ་བཅུ་བཞི་ལྷག་ཡོད་པ་དང་། རྒྱ་གར་རྒྱལ་ས་ལྡི་ལི་གཙོས་པའི་རྒྱལ་ས་ཆེ་ཁག་མང་ཆེ་བར་ད་ལྟ་དབྱར་ཁ་ཚ་བ་ཆེ་ཆེར་ལངས་པའི་དུས་ཡིན་པས་ཆུ་འཁྱག་འཐུང་བ་དང་། དེ་བཞིན་གྲང་གློག་དང་རླུང་འཁོར་འོག་ཡུན་རིང་སྡོད་པས་ཚ་གྲང་འཐབ་པ་ལྟ་བུས་ཆམས་ཚད་ཕོག་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ཆམས་ཚད་དེའི་རྐྱེན་གྱིས་ན་ཚ་གཞན་དབུགས་གསོག་དང་མི་འཕྲོད་པ། གློ་ཚད་ལྟ་བུའི་ནད་གཞི་གཞན་འབྱུང་ཉེན་ཆེན་པོ་ཡོད་ན་ཚང་མས་ཆམ་པ་མ་ཕོག་པར་གཟབ་གཟབ་གནང་དགོས།
དེ་ནས་ད་ཆ་རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁ་ཎྜ་ཕྱོགས་ལ་ཧིན་དྷུའི་ཆོས་ཕྱོགས་དུས་ཆེན་ཀུམ་བྷ་འདུ་འཛོམས་ཆེན་པོ་འགྲོ་བཞིན་ཡོད་ན། ས་ཁུལ་དེའི་ཕྱོགས་སུ་བོད་མིའི་གཞིས་ཆགས་དང་སློབ་གྲྭ་མི་ཉུང་བ་ཡོད་དུས་ཚང་མས་ཁྲོམ་གཞུང་དང་འདུ་འཛོམས་ཆེ་སར་འགྲོ་དོན་མེད་ན་འགྲོ་མི་དགོས་པར་གཙོ་འདོན་གནང་དགོས། ད་ཆ་རྒྱ་གར་ནང་གནས་སྟངས་ཤིན་ཏུ་ཛ་དྲག་ཆགས་ནས་རྒྱལ་ཡོངས་འཛིན་རིམ་ ༡༠ ཡིག་རྒྱུགས་ཆེན་མོ་ཕྱིར་འཐེན་དང་། འཛིན་རིམ་ ༡༢ ཡིག་རྒྱུགས་ཕར་འགྱངས་བྱས་ཡོད།
ཛ་དྲག་ཆེ་བ་ལས་རྒྱལ་ས་ཆེ་ཁག་མང་པོར་སྨན་ཁང་ནང་ཉལ་ཁྲི་མ་འདེང་བ་དང་། ནད་པར་སྲོག་རླུང་སྦྱིན་བྱེད་སྲོག་རླུང་དང་དེའི་ཡོ་བྱད་སོགས་ཆ་རྐྱེན་མ་འདང་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ན་ཚང་མས་ནད་ཡམས་འདི་ལ་སྣང་མེད་དང་ལྷོད་གཡེང་གཏན་ནས་མ་གནང་བར་སྔོན་འགོག་ཐབས་སྤྱོད་མུ་མཐུད་ནས་བསྟེན་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་རྗེས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན། ད་ཆ་རྒྱ་གར་འདི་བཞིན་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གྱི་ནད་པའི་གྲངས་ཚད་མཐོ་ཤོས་གཉིས་པ་དེ་ཆགས་ཡོད། གཉན་རིམས་འདིའི་གཉན་སྲིན་གྱི་རྣམ་པ་འགྱུར་བ་ལ་བརྟེན་ནས་ནད་རྟགས་ཀྱང་གསར་པ་ཁ་ཤས་ཐོན་ཡོད། ནད་རྟགས་སུ་ལུས་ཀུན་རུས་ཟུག་རྒྱག་པ། མགོ་ན་བ། མིག་དམར་པོར་གྱུར་བ། ཟས་སྐོམ་ལ་དྲི་དང་དྲོ་བ་མེད་པ། ལུས་ལ་ཐོར་འབྲུམ་དམར་པོ་སིབ་སིབ་བྱུང་བ། མིད་པ་མ་བདེ་བ་དང་། ཚ་བ་འཕར་བ། མཆུ་དང་སྣ་དང་མཛུབ་མོའི་རྩེའི་མཚོན་མདོག་འགྱུར་འགྲོ་བ་བཅས་ཀྱི་ནད་རྟགས་མངོན་བཞིན་ཡོད།
རྒྱ་གར་ནང་ད་ལྟ་མངའ་སྡེ་གསུམ་ཙམ་ནང་སྨན་ཁང་ནང་ཉལ་ཁྲི་མ་འདང་བའི་ཛ་དྲག་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག་ན། ཚང་མས་སྔོན་ཚུད་ནས་གཟབ་གཟབ་གནང་རོགས། ཁ་རས་གྱོན་རྒྱུ། མིའི་དབར་རྒྱང་ཐག་འཇོག་རྒྱུ། དེ་བཞིན་ལོ་ཚད་ ༤༥ ཡིན་ན་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་མཚོན་སྔོན་འགོག་ཐབས་སྤྱོད་རྣམས་མུ་མཐུད་ནས་བསྟེན་གནང་ཡོང་བ་གསུངས། མི་མང་པོ་ཞིག་གིས་སྔོན་འགོག་སྨན་ཁབ་དང་འབྲེལ་བ་དྲི་བ་གཅིག་དེ་སྔོན་འགོག་སྨན་ཁབ་གཉིས་ཀ་བརྒྱབ་ཚར་བའི་མི་རྣམས་ལ་གཉན་རིམས་འདི་ཕོག་པ་འདུག་ན། སྔོན་འགོག་སྨན་ཁབ་རྒྱག་དང་མ་རྒྱག་ཁྱད་པར་མི་འདུག་ཅེས་གསུང་གི་འདུག་ན་དེ་ནི་སྔོན་འགོག་སྨན་ཁབ་བརྒྱབ་རྗེས་གཉན་རིམས་འདི་ཕོག་ཀྱང་སྲོག་ལ་ཉེན་ཁ་དང་ནད་གཞི་ལྕི་བོ་མ་ཆགས་རྒྱུའི་ཁྱད་པར་ཡོད་པ་དང་། སྔོན་ཁབ་བརྒྱབ་པ་ལས་ནད་གཞི་འདིས་འདས་གྲོངས་སུ་མ་འགྲོ་བར་ཁྱད་པར་ཡོད་ན་སྔོན་འགོག་སྨན་ཁབ་བཞེས་དགོས་པའི་ལམ་སྟོན་ཞུ་རྒྱུ་ཡིན།
དེ་ནས་ད་ཆ་རྒྱ་གར་ནང་ལོ་ན་ ༦༠ དང་ལོ་ན་ ༤༥ ཡན་ལ་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་ནས་མང་པོ་ཞིག་ལ་ཁབ་གཉིས་པ་རྒྱག་རྒྱུའི་དུས་ཚོད་སླེབས་ཀྱི་ཡོད་ན་ཚང་མས་ཐུགས་སྣང་དགོས་རྒྱུར། སྔོན་འགོག་སྨན་ཁབ་དང་པོ་ཐོ་འགོད་བྱེད་པའི་སྐབས་སོ་སོའི་ཁ་པར་ཨང་གྲངས་གང་སྤྲད་པ་དེ་ག་རང་སྔོན་འགོག་སྨན་ཁབ་གཉིས་པ་ཐོ་འགོད་བྱེད་སྐབས་སྤྲད་དགོས། དེ་མིན་སྔོན་འགོག་སྨན་ཁབ་བཞེས་པའི་ལག་འཁྱེར་ཐོབ་རྒྱུར་དཀའ་ངལ་འཕྲད་བཞིན་འདུག་པ་དེ་དོན་དགོངས་འཇགས་གནང་རོགས། དེ་ནས་སྔོན་འགོག་སྨན་ཁབ་དང་པོ་དང་གཉིས་པ་གཉིས་ཀ་ཁབ་རིགས་གཅིག་པ་ཡིན་དགོས། རྒྱ་གར་ནང་ད་ལྟ་བརྒྱ་ཆ་ ༩༡་༤ སྔོན་ཁབ་ཀོ་ཝི་ཤིལ་དེ་རེད། དེ་ནས་བརྒྱ་ཆ་ ༨་༦ དེ་ཀོ་ཝེག་སིན་ཡིན་པ་རེད། མི་མང་ཆེ་བར་ཀོ་ཝི་ཤིལ་རག་གི་ཡོད། འོན་ཀྱང་སྔོན་ཁབ་དང་པོ་གང་ཐོབ་པ་དེ་ཤེས་པའི་ཐོག་ནས་སྔོན་ཁབ་གཉིས་པ་དེ་ག་རང་རྒྱག་དགོས་པ་ཐུགས་སྣང་གནང་གལ་ཆེ།
རྡ་ས་བདེ་ལེགས་སྨན་ཁང་དང་། དེ་བཞིན་བོད་མིའི་གཞིས་ཆགས་མང་ཆེ་བར་སྔོན་ཁབ་ཀོ་ཝི་ཤིལ་དེ་ཐོབ་ཡོད། འོན་ཀྱང་མི་ཁ་ཤས་ལ་ཀོ་ཝེག་སིན་ཐོབ་པའང་བྱུང་ཡོད་ན། ཚང་མས་སྔོན་འགོག་སྨན་ཁབ་རྒྱག་སྐབས་ཁབ་རིགས་གཅིག་པ་དགོས། དེ་བཞིན་ཐོ་འགོད་སྐབས་སོ་སོའི་མིང་དང་ཁ་པར་ཨང་གྲངས་སོགས་མ་ནོར་བ་སྤྲད་དགོས་གལ་ཆེ། དེས་ཕྱིས་སུ་སྔོན་འགོག་སྨན་ཁབ་བརྒྱབ་ཚར་བའི་རྗེས་ལག་འཁྱེར་ཞིག་ཐོབ་ཀྱི་ཡོད་པ་དེར་དཀའ་ངལ་འཕྲད་ཀྱི་མེད་པ་གསུངས།
དེ་མིན་མིང་དང་སྐྱེས་ཚེས་སོགས་ཡིག་ཆ་གཞན་དང་མ་མཐུན་ན་དེ་ཕྱིས་སུ་འགྱུར་བ་གཏོང་ཐུབ་ཀྱི་མེད་པའི་དཀའ་ངལ་འཕྲད་རྒྱུ་རེད་ཅེས་གསུངས། དེ་ནས་ད་ཆ་རྒྱ་གར་གཞུང་གི་དྲ་རྒྱ་ www.cowin.gov.in ནང་ཁབ་གཉིས་པ་ཐོ་འགོད་དང་དུས་ཚོད་བཟོ་སྟངས་ཐོག་བརྙན་ཐུང་ཞིག་བཟོས་ཡོད་པ་དེར་གཟིགས་ཞིབ་གནང་རོགས་ཞེས་ལམ་སྟོན་གནང་བ་དང་སྦྲགས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༥ དེ་མཇུག་སྒྲིལ་གནང་ཡོད། །