༄༅། །ཕྱི་ལོ་༢༠༢༡ ཟླ་ ༤ ཚེས་༨ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༤ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་ཚེ་རིང་གཡུ་སྒྲོན་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།
དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་ནས་གསུངས་དོན། རྒྱ་གར་ནང་ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ ༡༩ ནད་ཡམས་ཁྱབ་གདལ་ཆེ་ཆེར་འགྲོ་བཞིན་བོད་མིའི་སྤྱི་ཚོགས་ཁྲོད་ལོ་གཞོན་པ་རྣམས་ལ་ནད་གཞི་ཕོག་མཁན་མང་བ་བྱུང་བཞིན་ཡོད་ཀྱང་འདས་གྲོངས་སོང་མཁན་མང་ཆེ་བ་སྐུ་ན་བགྲེས་པ་ཆགས་དུས་ང་ཚོ་གཞོན་པ་རྣམས་ནས་དོན་མེད་འགྲུལ་བཞུད་གནང་བ་སོགས་གང་ཐུབ་འཛེམ་གནང་ཡོང་བའི་འབོད་སྐུལ་ཞུས། ས་གནས་ཛ་དྲག་ཚོགས་ཆུང་ནས་ད་བར་ལས་དོན་ཐ་དག་ཧུར་ཐག་གནང་ཡོད་ཅིང་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་གྲོས་ཚོགས་ཚོགས་མི་རྣམས་ནས་ཀྱང་ཡི་རངས་བསྔགས་བརྗོད་ཐོབ་ཡོད་ན་ད་དུང་མུ་མཐུད་ནས་ང་ཚོས་མཐུད་ཤོར་དུ་མ་སོང་བར་སེམས་ཤུགས་ཆེན་པོས་ལས་དོན་ཚགས་ཚུད་མཇུག་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་སྦྲགས་ས་གནས་སུ་མཐུན་འགྱུར་དགོས་མཁོ་དང་གཞན་ཡང་མང་ཚོགས་ནས་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གང་ཡོད་པ་རྣམས་དབུས་འཛིན་སྐྱོང་དང་འབྲེལཡོད་ལས་ཁུངས་སུ་ཡིག་ངག་གང་རུང་ཐོག་སྐབས་དུས་གསུངས་གནང་ཡོང་བའི་འབོད་སྐུལ་ཞུས། གནད་དོན་གསུམ་པ་དེ་ཟུར་བཀག་དང་འབྲེལ་ཕྱིར་འགྲུལ་བཞུད་བྱེད་ནས་ཕེབས་པ་དང་། དེ་བཞིན་ནད་རྟགས་མངོན་པ་དང་། ཡང་ནད་གཞི་ཕོག་པ་དང་འབྲེལ་བ་བྱུང་བ་རྣམས་ངེས་པར་ཟུར་བཀག་ཐོག་བཞུགས་དགོས་ལ་དེ་དོན་ས་གནས་ཛ་དྲག་ཚོགས་ཆུང་ནས་ལམ་སྟོན་གནང་བ་བཞིན་བཞུགས་དགོས་པའི་འབོད་སྐུལ་ཞུས་གནང་། གནད་དོན་བཞི་པ་དེ་ད་ལྟའི་ཆར་བོད་མི་འདུ་སྡོད་ཁག་ལ་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པས་སྔོན་འགོག་སྨན་ཁབ་ཀྱི་མཐུན་འགྱུར་བཞེས་གནང་ཡོང་བ་དང་། ཡང་སྔོན་འགོག་སྨན་ཁབ་རྒྱག་ཟིན་རྗེས་སུ་ཁ་རས་གྱོན་ཡས་སོགས་ནད་ཡམས་ཁྱབ་གདལ་བཀག་འགོག་གི་ཐབས་སྤྱོད་རྣམས་མུ་མཐུད་ནས་བསྟེན་དགོས་པའི་ལམ་སྟོན་གནང་། མཐའ་དོན་ཟླ་༤ ཚེས་༡༡ ཉིན་བཙན་བྱོལ་བོད་མིའི་སྲི་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་པོ་སླེབ་བཞིན་ཡོད་ན་ང་ཚོ་བོད་མི་མང་ཆེ་བས་འོས་བསྡུ་ཆེན་མོར་མཉམ་བཞུགས་གནང་གི་ཡོད་དུས་དེ་སྐབས་ནད་ཡམས་སྔོན་འགོག་གི་ཐབས་ལམ་ཁ་རས་ཚུལ་བཞིན་གྱོན་ཡས། མིའི་དབར་རྒྱང་ཐག་ཉུང་ཐར་ཕི་ཊི་དྲུག་འཇོག་ཡས། དེ་བཞིན་འོས་བསྡུ་བྱེད་སའི་ཁང་པ་ཡིན་ན་རླུང་འགྲོ་ཡག་པོ་དགོས་པ། འོས་བླུགས་སར་དུས་ཡུན་ག་ཚོད་ཉུང་ཉུང་གཏོང་ཐབས་གནང་བ། འོས་འཕེན་སར་ཕྲུག་གུ་ཆུང་ཆུང་མཉམ་འཁྲིད་མ་གནང་བ། འོས་བླུགས་སར་ཐེལ་རྩེ་ཡོད་ན་ཐེལ་རྩེར་ལག་པ་མ་འཆང་གོང་དང་འཆང་ཚར་བའི་རྗེས་ལག་པ་དུག་སེལ་གནང་རྒྱུ་གལ་ཆེ། འོས་བླུགས་ཚར་ནས་རང་ཁྱིམ་དུ་ལོག་པ་དང་། ཁ་རས་གད་སྣོད་ནང་བླུགས་ནས་ལག་པ་གཙང་མ་བཀྲུ་དགོས་པ་ཤིན་ཏུ་གལ་ཆེ་བས་དེ་དོན་བོད་མི་མང་ཚོགས་ནས་སེམས་ལ་བཅང་ནས་ཕྱག་བསྟར་གནང་གནང་དགོས་པའི་ལམ་སྟོན་ཞུས་གནང་ཡོད།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་ཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་རྒྱ་གར་ནང་བོད་མི་གྲངས་༢༠༨ ༼རང་ཁྱིམ། ༡༣༧ ཚོགས་སྡེ་དང་སྒྲིག་འཛུགས་ཀྱིས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༧༡༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། གཉིས་པ་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་ ༢༨༤༩༡ རིན་མེད་ཕུན་ཟིན་པ་དང་། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༥ ལ་ཁ་པར་བརྒྱུད་ནས་སེམས་ཁམས་འཕྲོད་བསྟེན་སློབ་གསོ་གནང་བ་བྱུང་ཡོད་པ་དང། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་བདུན་ཕྲག་འདིའི་ནང་ཁྱོན་རྒྱ་གར་ནང་གི་བོད་མི་གྲངས་ ༡༠༣༣ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་ཐུབ་པ་བྱུང་། རྒྱ་གར་ནང་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་ནས་ད་བར་མདུན་བསྐྱོད་ཞབས་ཞུ་བ་མི་གྲངས་༡༢༢༨ དེ་བཞིན་བོད་མི་ལོ་ན་ ༦༠ ཡན་མི་གྲངས་ ༦༨༤༡ ལོ་ན་ ༤༥ ཡན་བླ་གཉན་གྱི་ནད་གཞི་ཡོད་པ་མི་གྲངས་ ༢༡༥༤ དེ་ནས་ལོ་ན་ ༤༥ ཡན་མི་གྲངས་ ༡༩༡༧ བཅས་ཁྱོན་མི་གྲངས་ ༡༢༡༤༠ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་ས་གནས་སྨན་ཁང་ནང་སྔོན་འགོག་སྨན་ཁབ་རྒྱབ་ཐུབ་པ་བྱུང་ཡོད། གཞན་ཡང་ས་གནས་ཛ་དྲག་ཚོགས་ཆུང་ནས་ས་གནས་སོ་སོར་སྔོན་འགོག་སྨན་ཁབ་རྒྱག་ཡས་མཚོན་པའི་ལས་དོན་རྣམས་མུ་མཐུད་འགྲོ་བཞིན་ཡོད།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཕོག་པ་སྙན་གསང་ཞུ་རྒྱུར། འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༣༧ བྱུང་ཡོད་པ་ལས་སྐྱེས་པ་གྲངས་༡༥ དང་བུད་མེད་གྲངས་ ༢༢ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་༨༤ དང་ཆུང་ཤོས་དེ་ལོ་༡༨ བྱུང་ཡོད། ནད་རྟགས་ཡོད་པ་མི་གྲངས་༢༣ དང་ནད་རྟགས་དམིགས་བསལ་མེད་པ་མི་གྲངས་ ༡༤ ནད་གཞི་ཕོག་པ་དང་དེ་བཞིན་ནད་པ་དང་ཐད་ཀར་འབྲེལ་གཏུག་བྱུང་བ་རྣམས་རང་ཁྱིམ་དང་། ཚོགས་སྡེའི་ཟུར་བཀག་ཐོག་དོ་ནན་བཞུགས་བཞིན་གསོ་བཅོས་གནང་བཞིན་པའི་གནས་སྟངས་ཞུ། བློ་ཕམ་པའི་གནས་ཚུལ་ཞིག་ལ་བོད་མི་སྐྱེས་པ་རང་ལོ་ ༨༤ སོན་པ་གཅིན་སྙིའི་བླ་གཉན་ནད་གཞི་ཡོད་པ་གཅིག་འདས་པའི་བདུན་ཕྲག་ནང་འདས་གྲོངས་སུ་ཕྱི་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༡༧༥༧ དྲག་སྐྱེད་བྱུང་བ་མི་གྲངས་༡༦༢༨ འདས་གྲོངས་སོང་བ་མི་གྲངས། ༤༨ ད་ལྟ་ནད་མནར་གསོ་བཅོས་བཞིན་པ་མི་གྲངས། ༨༡ ཡོད་པ་ཡིན།
བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། ད་བར་རྒྱལ་སྤྱིའི་ནང་ནད་གཞི་འདི་ཕོག་པའི་མི་གྲངས་ས་ཡ་ ༡༣༢ དང་བྱེ་བྲག་རྒྱ་གར་ནང་ས་ཡ་ ༡༢ ལྷག་བྱུང་ཡོད། རྒྱ་གར་ནང་ད་ལྟ་ནད་མནར་བཞིན་པ་མི་གྲངས་ ༩༡༠༣༡༩ ཙམ་བྱུང་ཞིང་འདས་པའི་ཆུ་ཚོད་ཉེར་བཞི་ནང་མི་གྲངས་ ༡༡༥༧༣༦ བྱུང་ཡོད་ཅིང་ད་ལྟའང་རྒྱ་གར་མངའ་སྡེ་མཱ་ཧཱ་རཱ་ས་ཏྲ་དང་ཀར་ཎ་ཊ་ཀ ཀེ་ར་ལ་སོགས་ནང་ནད་ཡམས་ཁྱབ་གདལ་ཆེ་རུ་འགྲོ་ཡི་ཡོད་ན་རྒྱ་གར་དབུས་གཞུང་ནས་ད་ནས་བདུན་ཕྲག་གསུམ་གྱི་རིང་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ཏུ་འགྲོ་སྲིད་པའི་ཉེན་བརྡ་གཏོང་བཞིན་ཡོད་ན་མང་ཚོགས་ནས་ད་ལྟའི་དུས་ཚོད་འདིར་དམིགས་བསལ་ཐུགས་སྣང་དང་སྔོན་འགོག་ཐབས་ལམ་རྣམས་རྣམ་གཡེང་དུ་མ་སོང་བར་མུ་མཐུད་ནས་གནང་དགོས་པའི་ནན་སྐུལ་ཞུ། འདས་པའི་བདུན་ཕྲག་ལ་གཞིགས་པས་ད་རེའི་བདུན་ཕྲག་ནང་བོད་མི་ནད་གཞི་ཕོག་པ་གྲངས་ཇེ་མང་འགྲོ་བཞིན་འདུག་ན་ལྷག་པར་ནད་གཞི་ཕོག་པའི་བརྒྱ་ཆ་ ༨༡ ལོ་གཞོན་པ་ཆགས་ཀྱི་འདུག་ཅིང་འདས་གྲོངས་སོང་བ་བརྒྱ་ཆ་མང་བ་དེ་སྐུ་ན་བགྲེས་པ་རྣམས་ཆགས་ཀྱི་ཡོད་ན་ལོ་ན་གཞོན་པ་རྣམས་ནས་དོན་མེད་ཕྱིར་འགྲུལ་བཞུད་དང་། མི་མང་འདུ་འཛོམས། ཁ་རས་མ་གྱོན་པ་དང་མིའི་དབར་རྒྱང་ཐག་མ་འཇོག་པ་སོགས་གནང་ན་ནད་གཞི་དེ་ནང་དུ་འཁྱེར་ཡོང་མཁན་དེ་གཞོན་པ་ཆགས་ཀྱི་ཡོད། གཞོན་པ་རྣམས་ད་ལྟ་ལུས་ཟུངས་ནུས་སྟོབས་ཡག་པོ་ཡོད་པས་གཉན་སྲིན་འདིས་ཕོག་ཉེས་གཏོང་ཆེན་པོ་གཏོང་མ་ཐུབ་ཀྱང་ཕུག་རྒྱངས་རིང་པོར་གློ་བ་སོགས་དོན་སྣོད་དང་དབང་རྩར་གནོད་སྐྱོན། སེམས་ངལ་སེམས་དུབ་ལ་སོགས་པ་ཕོག་རྒྱུའི་ཉེན་ཁ་ཡོད་པ་ཉམས་ཞིབ་པའི་དཔྱད་ཡིག་དེ་འདྲ་ཐོན་གྱི་ཡོད་ན་གཞོན་སྐྱེས་རྣམས་ནས་དེའི་ཐོག་དགོངས་བཞེས་ཀྱིས་རྣམ་གཡེང་དུ་མ་ཤོར་བ་གནང་དགོས་གལ་ཆེ་ཡིན་པའི་ལམ་སྟོན་ཞུ།
ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་ནས་ད་ལོའི་འཛམ་གླིང་འཕྲོད་བསྟེན་ཉིན་མོའི་འབོད་སྒྲ་དེའང་འཛམ་གླིང་འདི་འཕྲོད་བསྟེན་མཐུན་འགྱུར་ཐོག་རྒྱལ་ཁབ་དང་མི་རིགས་ཚང་མར་སྤྱི་སྙོམས་དགོས་པ་དང་སྤྱི་ཚོགས་ཁྱོན་ཡོངས་བདེ་ཐང་ལ་བསྐྲུན་དགོས་པ་ཞེས་འབོད་སྒྲ་འདིས་དུས་རབས་ཀྱི་ནད་ཡམས་འཇིགས་པ་ཆེན་པོ་འདི་ལས་རྒྱལ་ཁབ་དང་མི་རིགས་ཚང་མར་འཕྲོད་བསྟེན་མཐུན་འགྱུར་ཐོག་གཅིག་མཚུངས་མེད་པ་དང་འདི་ལྟའི་ནད་ཡམས་བྱུང་སྐབས་སེམས་ཁམས་ལ་དཀའ་ངལ་ག་ཚད་ཡོང་གི་ཡོད་པ་དེས་ལུས་སེམས་གཉིས་ཀ་བདེ་ཐང་ལ་བསྐྲུན་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན་པ་འདས་པའི་བྱུང་བ་ལས་གསལ་རྟོགས་བྱུང་ཡོད་པ་རེད། འདི་ལོའི་འབོད་སྒྲའི་འོག་ལག་བསྟར་བྱེད་དགོས་པའི་དོན་ཚན་གསལ་སྟོན་གནང་བ་རྣམས་ནི།
༡། རྒྱལ་ཁབ་ནང་ཕན་ཚུན་ཚང་མར་ཏོག་དབྱིབས་གཉན་རིམས་༡༩ སྔོན་འགོག་དང་སྨན་བཅོས་ཐོག་དབྱེ་འབྱེད་མེད་པར་ཚང་མར་མཐུན་འགྱུར་གཅིག་མཚུངས་ཐོབ་ཐབས་ལ་ལག་བསྟར་གནང་དགོས་པ།
༢། གཞི་རིམ་འཕྲོད་བསྟེན་གཅེས་སྐྱོང་དེ་ཤིན་ཏུ་གལ་ཆེ་བས་དེའི་ཐོག་འགྲོ་གྲོན་ངེས་ཅན་གཏོང་དགོས་པ།
༣། ཟས་སྤྱོད་སྨན་བཅས་འཕྲོད་པར་བསྟེན་པའི་སྒོ་ནས་སྤྱི་ཚོགས་བདེ་ཐང་དང་སྲུང་སྐྱོབ་གནང་ཐབས།
༤། རང་གཞན་ཚང་མ་བདེ་འཇགས་དང་ལུས་སེམས་བདེ་ཐང་བསྐྲུན་ཐབས།
༥། འཕྲོད་བསྟེན་གྲངས་ཐོ་མ་ལག་ཐོག་ནུས་ཤུགས་ཆེ་རུ་གཏོང་ཐབས་ལ་འབད་བརྩོན་ལག་བསྟར་དགོས་པ་བཅས་
མདོ་དོན་ཟས་སྤྱོད་འཕྲོད་པར་བསྟེན་པའི་སྒོ་ནས་ལུས་སེམས་བདེ་ཐང་ཡོང་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་པ་དང་། འཕྲོད་བསྟེན་ནི་མི་རིགས་དང་དབུལ་ཕྱུག་སོགས་དབྱེ་འབྱེད་མེད་པར་འགྲོ་བ་མིའི་ཐོབ་ཐང་གཅིག་མཚུངས་ཐོབ་དགོས་པ་གསལ་སྟོན་གནང་སྐོར་འགྲེལ་བརྗོད་གནང་ཡོད།
དེ་རྗེས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་ལམ་སྟོན་གནང་དོན། རྒྱ་གར་ནང་ད་ལྟའི་ཆར་ནད་ཡམས་ཁྱབ་གདལ་ཛ་དྲག་ཆེ་རུ་འགྲོ་ཡི་ཡོད་པ་དང་ཁྱོན་ཡོངས་མི་འདས་གྲོངས་སོང་བའི་ནང་ལོ་གཞོན་པ་མང་པོ་འདུག་པས་ན་གཞོན་རྣམས་ནས་རྣམ་གཡེང་དུ་མ་སོང་བར་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་དགོས་པའི་ལམ་སྟོན་གནང་། དེ་བཞིན་རྒྱ་གར་ནང་གཉན་སྲིན་རྣམ་པ་འགྱུར་བའི་རིགས་ཐོན་བཞིན་ཡོད་ན་མང་ཚོགས་ནས་དམིགས་བསལ་ཟབ་ནན་གནང་དགོས་པའི་སྐུལ་མ་གནང་། སྔོན་འགོག་སྨན་ཁབ་དང་འབྲེལ་ད་ཆ་རྒྱལ་ཁབ་ནང་ཉིན་རེར་མི་ས་ཡ་གསུམ་ཙམ་ལ་རྒྱག་བཞིན་ད་བར་མི་གྲངས་བྱེ་བ་ ༩ ཙམ་ལ་སྔོན་འགོག་སྨན་ཁབ་རྒྱབ་ཟིན་པའི་གནས་སྟངས་གསུངས་པ་དང་སྦྲགས་རྒྱ་གར་གཞུང་དང་དེ་བཞིན་བོད་མི་འདུ་སྡོད་མང་ཆེ་བར་སྔོན་འགོག་སྨན་ཁབ་རྒྱག་སའི་མཐུན་འགྱུར་བསྐྲུན་ཡོད་ན་བོད་མི་གང་མང་གིས་མཐུན་འགྱུར་དེ་བཞེས་ཐུབ་པ་གནང་དགོས་པའི་ལམ་སྟོན་གནང་། བདུན་ཕྲག་སྔ་མའི་ནང་ཞུས་པ་བཞིན་མང་ཚོགས་ནང་སྔོན་ཁབ་དང་འབྲེལ་དོགས་འདྲི་ཁག་ཅིག་འདུག་པའི་ནང་གཙོ་བོ་རྒྱ་གར་ནང་ད་ཆ་སྔོན་འགོག་སྨན་ཁབ་རིགས་གཉིས་ཡོད་པ་ལས་ཐེངས་དང་པོར་སྔོན་ཁབ་གང་ཐོབ་པ་དེ་ཐེངས་གཉིས་པར་སྔོན་ཁབ་དེ་ག་རང་ཐོབ་དགོས་པ་ལས་རྒྱག་སའི་སྨན་ཁང་དང་ས་ཆ་གང་དུ་རྒྱག་ཀྱང་ཁྱད་པར་མེད་པ་གསལ་བཤད་གནང་། སྔོན་འགོག་སྨན་ཁབ་ཆེད་དྲ་ཐོག་ནས་ཐོ་འགོད་བྱེད་སྟངས་ཐོག་ལམ་སྟོན་ཞིབ་ཕྲ་གནང་ཞིང་གང་མགྱོགས་བརྙན་ཐུང་བཟོས་ནས་མང་ཚོགས་ལ་འགྲེམས་སྤེལ་གནང་གི་ཡིན་གསུངས། སྔོན་འགོག་སྨན་ཁབ་ཐོ་འགོད་དང་འབྲེལ་བོད་མི་ལོ་ན་གཞོན་པ་ཡེ་གེ་འབྲི་ཀློག་ཤེས་པ་རྣམས་ནས་མང་ཚོགས་ནང་བོད་མི་ལོ་ན་བགྲེས་པ་དང་ཡིག་རྨོངས། དེ་བཞིན་དམིགས་བསལ་དགོས་མཁོ་ཅན་རིགས་ལ་རོགས་ཕན་གནང་རྒྱུའི་གོ་སྐབས་ཡིན་ན་དེའི་ཐོག་རོགས་ཕན་གནང་རོགས་ཅེས་འབོད་སྐུལ་ཞུས་པ་དང་སྦྲགས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་༥༤ པ་དེ་མཇུག་སྒྲིལ་གནང་ཡོད། །