༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་ཨ་མདོ་རྔ་བ་ཁུལ་ནས་ཡིན་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོའམ་སྒོ་ཤེར་ལགས་རྒྱ་ནག་གཞུང་གིས་རྒྱུ་རྐྱེན་གང་ཡིན་གསལ་ཆ་མེད་པར་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་གློ་བུར་དུ་འཛིན་བཟུང་བྱས་ཏེ་ད་ཆ་གར་སོང་ཆ་མེད་དུ་གྱུར་ཡོད།
དེ་ཡང་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཟླ་བ་ལྔ་ལྷག་འགྲོ་བཞིན་ཡོད་ཀྱང་ད་དུང་ཁོང་གང་དུ་ཡོད་མེད་དང་། གཟུགས་གཞི་བདེ་ཐང་ཡིན་མིན་སོགས་ཀྱི་གནས་སྟངས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པར་ལྷག་ཡོད་སྟབས། ཁོང་གི་ནང་མི་དང་གཉེན་ཉེ་དུ་ཚོས་ཁོང་མགྱོགས་མྱུར་གློད་གྲོ
སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། ཕྱི་ལོ་ ༡༩༧༦ ཟླ་ ༩ ཚེས་ ༩ ཉིན་རྔ་བ་རྫོང་ཁ་ཤི་སྡེ་པའི་ཕ་སྒོ་བརྩོན་དང་མ་སྒྲོལ་དཀར་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཆུང་དུས་ནས་ཀིརྟི་དགོན་གྱི་ཆོས་སྒར་ཞུགས་ཏེ་སློབ་གཉེར་གནང་ཡོད་པ་དང་། ཕྱིས་སུ་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་འབྲས་སྤུངས་དང་སེ་ར་དགོན་དུ་མུ་མཐུད་སློབ་གཉེར་གནང་ཡོད།
སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ནང་པའི་ལྟ་གྲུབ་དང་། སྲོལ་རྒྱུན། རིག་གཞུང་བཅས་ཀྱི་སྐོར་དཔེ་དེབ་འགའ་ཤས་བརྩམས་གནང་ཡོད་པ་དེ་དག་ནི། ང་ཚོ་སད་རན་དང་། རྒྱུན་ཤེས་དང་ལམ། དཔྱད་འཚོལ་དང་ལྟ་ཚུལ། རང་ལམ་རང་འཚོལ། བླང་དོར་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ། གསེར་ཐང་འཆད་ཁྲིད། བསམ་གཞིག་པའི་སེམས་སྒྲ་བཅས་དཔེ་དེབ་ ༨ ལྷག་པར་སྐྲུན་གནང་ཡོད། གཞན་ཡང་ཁོང་གིས་དབུ་མ་འཇུག་པ་དང་། གཏམ་རྒྱུད་གསེར་ཐང་། ས་སྐྱ་ལེགས་བཤད་སོགས་འཆད་ཁྲིད་གནང་ཡོད།
སྤྱིར་ཕྱི་ལོ་ ༢༠༢༠ ལོར་སྒོ་ཤེས་རབ་རྒྱ་མཚོ་ལགས་བཀག་ཉར་མ་བྱས་གོང་ཁོང་གིས་དགོན་པའི་ནང་ཤེས་ཡོན་གྱི་རང་དབང་ཐོག་རྩོད་ལེན་བྱས་པར་རྒྱ་གཞུང་གིས་ཁོང་བཀག་ཉར་དང་བཙོན་འཇུག་ཐེངས་མང་བྱས་ཡོད་པ་ཟད། མཐའ་ན་ཁོང་རང་ཉིད་ཀྱི་དགོན་པ་ནས་ཀྱང་བྲོས་བྱོལ་དགོས་པ་བྱུང་ཡོད།
དེ་ཡང་ཕྱི་ལོ་ ༡༩༩༠ ཡས་མས་སུ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་གར་ནང་ཡོང་སྟེ་ཕྱིས་སུ་ཕྱིར་ལོག་ནས་མུ་མཐུད་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཡོད། ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་གཞུང་གིས་རྔ་བ་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་སྐབས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཕར་ཕྱིན་དམ་བཅའ་འཇོག་སྐབས་བཤམས་ཡོད་ལུགས་ཀྱིས་འཛིན་བཟུང་གིས་ལོ་བཞིའི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་མྱོང་བ་དང་། དེ་རྗེས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་ནས་འཛིན་བཟུང་བྱས་ནས་ལོ་གཅིག་ཙམ་རིང་བཀག་ཉར་བྱས་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་ཀིརྟི་དགོན་གྱི་གྲྭ་བ་ཞིག་གིས་རྔ་བ་ཁུལ་དུ་རང་ལུས་མེར་སྲེག་བཏང་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་བཅས། །