༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་ཏྭ་ར་ཀི་སན་ཝི་ལ་ (Tara Kissan Villa) མགྲོན་ཁང་དང་དཔེ་གསར་སྐྱུར་འབྲས་ལས་གཞི་དབུ་འབྱེད་གནང་ཡོད།
དེ་ཡང་ཏྭ་ར་ཀི་སན་ཝི་ལ་མགྲོན་ཁང་ནི། གདན་ས་ཆེན་པོ་སེ་ར་ཆོས་སྒར་གྱི་ཉེ་འཁྲིས་སུ་གནས་པའི་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་ཆགས་ཡོད་ཅིང་། མགྲོན་ཁང་གི་བཟོ་བཀོད་ནི་དེང་དུས་ཀྱི་སྒྱུ་རྩལ་རང་བཞིན་ལྡན་ཡོད་ལ། རྒྱུ་ཆའི་ཐད་ཚད་མཐོའི་སྤུས་ཚད་ལྡན་པའི་རྒྱུ་ཆ་བཀོད་སྤྱོད་བྱས་ཡོད། མགྲོན་ཁང་ནང་ཁང་མིག་ ༡༩ ཡོད་ཅིང་མགྲོན་ཁང་གི་དཀྱིལ་དབུས་སྒོ་རའི་མཐའ་སྐོར་ནང་ཉི་འོད་ཁྲ་ལྷམ་མེར་ཤར་ཏེ་ཉི་མའི་བཀྲག་མདངས་འཕྲོ་བཞིན་ཡོད། མགྲོན་ཁང་ལས་གཞིའི་འགྲོ་གྲོན་ཆེད་ཨོ་སི་ཊི་ལི་ཡའི་ཐེབས་རྩ་ (The Charitable Foundation) དང་འཇར་མན་གྱི་རོགས་ཚོགས་ (German Aid to Tibetans) གཉིས་ནས་མཐུན་འགྱུར་གནང་ཡོད།དཔེ་གསར་སྐྱུར་འབྲས་ལས་གཞི་དབུ་འབྱེད་མཛད་སྒོར་དཔེ་གསར་སྐྱུར་འབྲས་ལས་གཞི་འཛུགས་སྐྲུན་གནང་མཁན་གཙོ་བོའི་གྲས་ཨ་རིའི་མི་སེར་དང་རྒྱ་གར་ནང་རྟེན་གཞི་བྱས་པའི་སོ་ནམ་ཐོག་ཆེད་མཁས་པ་སྐུ་ཞབས་ཀེན་ (Ken) ལགས་ཀྱིས་དཔེ་གསར་སྐྱུར་འབྲས་ཀྱི་ལྗོན་ཤིང་ཨ་མ་དེ་ཨ་རི་ནས་ནང་འདྲེན་བྱས་པ་དང་། ལས་གཞི་དེའི་རྒྱབ་ལྗོངས་སྐོར་ངོ་སྤྲོད་གནང་གྲུབ་མཚམས་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་དེང་རབས་ཀྱི་ཚད་ལྡན་སྐྱུར་འབྲས་གསོ་སྐྱོང་ཁང་དབུ་འབྱེད་དང་སོ་ནམ་ཞིང་པ་རྣམས་ལ་ས་བོན་མཐུན་སྦྱོར་ལས་སྤེལ་བའི་སྐྱུར་འབྲས་ཀྱི་རྩ་སྤོས་ཐོན་ཐེངས་དང་པོ་བགོ་འགྲེམས་གནང་ཡོད། སྐབས་དེར་བཀའ་བློན་མཆོག་གིས་ཆེད་མཁས་པ་སྐུ་ཞབས་ཀེན་ (Ken) ལགས་ཀྱིས་དཔེ་གསར་སྐྱུར་འབྲས་ལས་གཞིའི་ཆེད་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་གནང་བ་དང་འབྲེལ་སོ་ནམ་ཞིང་པ་རྣམས་ནས་དཔེ་གསར་སྐྱུར་འབྲས་ལ་བདག་སྐྱོང་ཡག་པོ་གནང་དགོས་པའི་སྐོར་གསུངས།ཕྱི་ཚེས་ ༡༡ ཉིན་བཀའ་བློན་མཆོག་གིས་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་ཤོག་འཕངས་རྗེས་བགྲེས་ཤག་དགེ་འཕེལ་གླིང་དུ་ལས་ཤག་ལྷག་མ་ལྔ་གསར་རྒྱག་གི་ལས་གཞི་དང་། དེ་བཞིན་ལི་ཊར་ལྔ་ཁྲི་ཤོང་ཚད་ཀྱི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ལ་རྟོག་ཞིབ་གནང་ཡོད། དེ་རྗེས་ལས་བྱེད་བགྲེས་ཡོལ་རྣམས་ནས་བཀའ་བློན་མཆོག་ལ་ཇ་སྟོན་ཞིག་བཤམས་ཡོད།
དེ་ཉིན་བཀའ་བློན་མཆོག་ལ་དགོང་དྲོའི་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་མི་མང་ཡོངས་ནས་བཀའ་བློན་མཆོག་ལ་སྟོན་པའི་སྐུ་བརྙན་ཞིག་ཕུལ་ཡོད།ཕྱི་ཚེས་ ༡༢ ཉིན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གྷོ་ལ་ཐ་ལར་ལུགས་བསམ་གཞིས་གྲོང་ལྔ་པ་དང་དྲུག་པའི་མི་མང་གི་ཆེད་དུ་ཕྱི་རོལ་ལུས་སྦྱོང་རྩེད་སྤྱད་དབུ་འབྱེད་གནང་ཡོད། ཕྱི་རོལ་ལུས་སྦྱོང་རྩེད་སྤྱད་ཀྱི་འགྲོ་གྲོན་ཀར་ན་ཊ་ཀ་མངའ་སྡེ་གཞུང་གིས་མཐུན་འགྱུར་གནང་ཡོད། ཕྱི་ཚེས་ ༡༣ ཉིན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་བྷེང་ལོར་ལ་ཕེབས་སྐབས་ལམ་བར་དུ་ཧོན་སུར་རབ་རྒྱས་གླིང་ལ་འཁྱུག་ཙམ་ཕེབས་ཏེ་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་རོགས་རམ་འོག་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་དང་མཉམ་འབྲེལ་ལས་ཁུངས་གསར་རྒྱག་ལས་གཞི་ལེགས་གྲུབ་བྱུང་བ་དབུ་འབྱེད་གནང་ཡོད།སྐབས་དེར་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་དང་མཉམ་འབྲེལ་ལས་ཁུངས་གསར་རྒྱག་ལས་གཞིའི་རྒྱབ་ལྗོངས་སྐོར་ངོ་སྤྲོད་གནང་བ་དང་སྦྲགས་ནང་སྲིད་བཀའ་བློན་མཆོག་གིས་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་དང་མཉམ་འབྲེལ་ལས་ཁུངས་གསར་རྒྱག་ལས་གཞིའི་ཆེད་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།