༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༣༠ རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྨན་ཁང་དུ་རྒྱ་གར་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་སོ་ལི་སོ་རཱབ་ཇི་ (Soli Jehangir Sorabjee former Attorney General of India) མཆོག་དགུང་ལོ་ ༩༡ ཐོག་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུགས་གསོ་གནང་འདུག
དེ་ཡང་ཐུགས་གསོའི་གནང་དོན། དམ་པ་ཁོང་ནི་སྙན་གྲགས་ཅན་གྱི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་། དམ་པ་ཁོང་གིས་རང་ཉིད་ཀྱི་མི་ཚེ་གང་པོར་རྒྱ་གར་གྱི་རྩ་ཁྲིམས་དང་མང་གཙོ། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་ཧ་ཅང་གནང་བའི་ཐོག་རྒྱ་གར་གཞུང་མང་གཉིས་ལ་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུས་ཡོད། དམ་པ་ཁོང་འདས་གྲོངས་སུ་གྱུར་བ་དེས་རྒྱ་གར་ལ་གྱོང་གུད་ཆེན་པོ་བྱུང་བ་ཙམ་མ་ཟད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སྤྱི་ལ་སྙིང་སྟོབས་ཅན་གྱི་དྲང་བདེན་འཐབ་རྩོད་པ་ཞིག་མེད་པར་གྱུར་ཡོད།
དམ་པ་སོ་ལི་སོ་རཱབ་ཇི་མཆོག་ནི་རྒྱ་གར་ནང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། དམ་པ་ཁོང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་བསྟི་གནས་ཁང་ (Foundation for Non-violent Alternatives) ཞེས་པའི་སློབ་སྟོན་པ་ཡང་ཡིན། དམ་པ་ཁོང་གིས་ལོ་ངོ་བཅུ་ཕྲག་རིང་བོད་དོན་ཞུ་གཏུག་གི་ལས་འགུལ་སྣ་མང་སྤེལ་ཡོད་པར་བརྟེན་མང་ཚོགས་ནས་དམ་པ་ཁོང་ལ་གུས་བརྩི་ཆེན་པོའི་ངང་བློ་ཐུབ་ཀྱི་གྲོགས་པོ་དང་ཆབ་སྲིད་ཀྱི་སློབ་སྟོན་པར་ངོས་འཛིན་གནང་བཞིན་ཡོད། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་དམ་པ་ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
ཁོང་འདས་གྲོངས་སུ་གྱུར་བ་དེས་རྒྱ་གར་ཙམ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཡོངས་ལ་སེམས་སྡུག་ཆེན་པོ་བྱུང་ཡོད། དམ་པ་ཁོང་གིས་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་སོགས་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་གནང་བའི་མཛད་རྗེས་ལ་བརྟེན་ནས་རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༠༢ ཟླ་ ༣ ནང་རྒྱ་གར་གཞུང་གི་མི་སེར་གཟེངས་རྟགས་མཐོ་ཤོས་གཉིས་པ་པདྨ་ཝི་བྷུ་ཤན་ (Padma Vibhushan Award) འབུལ་གནང་ཡོད། ཅེས་འཁོད་ཡོད།།