༄༅། །ཕྱི་ལོ ༢༠༢༡ ཟླ་ ༤ ཚེས་ ༧ རེས་གཟའ་ལྷག་པ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་དང་འབྲས་སྤུངས་སྒོ་མང་། རྭ་སྟོད་དགོན་པ། ས་སྐྱ་དགོན་པ། བཀའ་བརྒྱུད་དགོན་པ་བཅས་ཀྱི་དགེ་འདུན་པ་རྣམས་ལ་གསུང་བཤད་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྐབས་བཅོ་ལྔ་པའི་བཀའ་ཤག་གི་ལས་ཡུན་གཙང་ལ་ཉེ་བའི་སྐབས་འདིར་ཕྲན་རང་རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ་ཆེད་བཅར་བ་ཡིན། རྣམ་པ་ཚོས་ཕྲན་རང་ཉིད་སྲིད་སྐྱོང་གི་ལས་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་དགེ་འདུན་པ་སྤྱི་དང་། ལྷག་པར་སྦག་སར་ཡོད་པའི་དགེ་འདུན་པ་རྣམས་ནས་བོད་ཀྱི་ཐུན་མིན་ཆོས་དང་སྐད་ཡིག་སོགས་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་སླད་ཞབས་འདེགས་རླབས་ཆེན་ཞུས་ཡོད། དགོན་སྡེ་དང་གྲྭ་ཚང་ཁག་གི་དགེ་འདུན་པས་ལས་དོན་ཧུར་བརྩོན་གནང་བར་བརྟེན་ད་ཆ་རྒྱ་གར་དུ་ཡོད་པའི་དགོན་སྡེ་རྣམས་དོན་སྙིང་ལྡན་པ་ཞིག་ཆགས་ཐུབ་ཡོད། ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་རྒྱལ་ཁབ་བཅུ་བཞི་ཙམ་གྱི་གྲོས་ཚོགས་
དེ་བཞིན་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཀྱི་གལ་གནད་སྐོར་དང་། འདས་པའི་ལོ་ངོ་བཅུའི་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་པའི་ལས་ཡུན་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་དོན་དང་རྒྱལ་སྤྱིའི་འབྲེལ་ལམ་སོགས་གང་ཅིའི་ཐད་གང་ལེགས་བྱུང་ཐུབ་ཡོད་སྐོར་སོགས་གསུངས། །