ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༨ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མོན་གྷོ་སཾ་བྷོ་ཌ་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཏུ་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སློབ་གྲྭའི་སློབ་སྤྱི་བཟང་པོ་རིག་འཛིན་ལགས་ཀྱིས་ཕེབས་བསུ་དང་འབྲེལ་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་ལྷན་གསུང་བཤད་གནང་དོན། སློབ་གྲྭ་འདི་ཉིད་ཕྱི་ལོ་ ༢༠༡༨ ཟླ་ ༥ ནང་ཚུར་རྩིས་བླངས་ཟིན་པ་ནས་བཟུང་ཤེས་ཡོན་དང་གང་ཅིའི་ཐད་ནས་ཡར་རྒྱས་ཕྱིན་ཡོད་སྟབས་སློབ་གྲྭའི་སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།སློབ་སྤྱི་བཟང་པོ་རིག་འཛིན་ལགས་ཀྱིས་གསུངས་པ་ལྟར་ན། ཕྱི་ལོ་ ༢༠༡༨ ལོར་འཛིན་རིམ་བཅུ་པའི་རྒྱུགས་འཕྲོད་བརྒྱ་ཆ་ ༧༥.༥༡ ལོན་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་འཛིན་རིམ་བཅུ་པའི་རྒྱུགས་འཕྲོད་བརྒྱ་ཆ་བརྒྱ་ལོན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༦.༣༩ ལོན་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་༩༦.༩༧ ལོན་ཐུབ་པ་བྱུང་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་འོག་མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་གྲུབ་འབྲས་དེས་སློབ་གྲྭ་རྩིས་བླངས་རྗེས་སློབ་གྲྭ་ཚགས་ཚུད་པོ་བྱུང་ཡོད་པའི་དཔང་རྟགས་གསལ་པོ་བསྟན་ཡོད། ཅེས་དང་།བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལ་འགྱུར་བ་ཕྲན་བུ་བཏང་སྟེ་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ནང་བརྒྱ་ཆ་ ༥༠ ཡན་ལོན་པ་ཡིན་ན་སློབ་ཡོན་གནང་གཏན་འཁེལ་ཡོད། ཆབ་སྲིད་ཀྱི་གནས་བབ་ཐོག་ནས་ང་ཚོ་སྐྱབས་བཅོལ་བ་ཆགས་ཡོད་ནའང་འཇོན་ཐང་དང་གོ་སྐབས། མཐུན་རྐྱེན་སོགས་ཀྱི་ཐོག་ནས་གཅིག་པ་རེད། ང་ཚོ་བཙན་བྱོལ་བ་ཡིན་བསམས་ནས་བློ་ནམ་ཡང་ཞུམ་མི་རུང་། ཐོག་མ་ཉིད་ནས་ངས་འཇོན་གྱི་རེད། ངས་ཐུབ་ཀྱི་རེད་བསམས་པའི་སྙིང་སྟོབས་བསྐྱེད་དགོས། སྙིང་སྟོབས་དེ་འདྲ་ཞིག་ཡིད་ལ་བཅངས་ནས་ཉིན་མཚན་དུས་དྲུག་ལ་དཀའ་ལས་བརྒྱབ་ན་བསྒྲུབ་མ་ཐུབ་པ་ཕལ་ཆེར་མེད། དེར་བརྟེན་སློབ་ཕྲུག་རྣམས་ནས་ཤེས་ཡོན་ཐོག་ཧུར་བརྩོན་བྱེད་དགོས་པ་དང་། མི་ཚེའི་དམིགས་ཡུལ་གང་ཡིན་རུང་དེའི་ཐོག་ཆོད་སེམས་བརྟན་པོས་འབད་འབུངས་དགོས། གང་ཅིའི་ཐད་ཡར་རྒྱས་འགྲོ་བར་ཡ་རབས་བཟང་སྤྱོད་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གལ་ཏེ་སློབ་སྦྱོང་མ་བྱེད་པར་ཐ་མག་དང་ཆང་རག་སོགས་བེད་སྤྱོད་བྱས་པ་ཡིན་ན་སོ་སོའི་མི་ཚེ་ཐུང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། འཚོ་བའི་གནས་སྟངས་ཞན་པོ་ཆགས་རྒྱུ་དང་། རང་གི་ཕ་མའང་འུ་ཐུག་ནས་སོ་སོའི་ནང་ནས་ཕྱིར་འབུད་བཏང་བ། སོ་སོའི་སྤུན་མཆེད་ཀྱི་ནང་ནས་ཕྱིར་འབུད་བཏང་བ། སོ་སོའི་གྲོགས་པོ་གྲོགས་མོ་རྣམས་ཀྱིས་ཀྱང་རང་ཉིད་ལ་ཁ་ཡ་མ་བྱས་པ། སྤྱི་ཚོགས་གང་འདྲ་ཞིག་ཏུ་སོང་ཡང་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལྷག་རྒྱུ་ཡིན་པ་གསལ་པོ་རེད། སློབ་ཕྲུག་རྣམས་ནས་དུས་རྟག་ཏུ་ཆང་རག་དང་ཐ་མག་སོགས་མྱོས་རྫས་རིགས་རྩ་བ་ནས་ལོངས་སུ་སྤྱོད་རྒྱུ་མེད། སློབ་ཕྲུག་གཞན་དང་མི་འདྲ་བར་བོད་པའི་སློབ་ཕྲུག་ཚོར་ལས་འགན་འཕར་མ་ཞིག་ཡོད་པ་དེ་སེམས་ལ་དྲན་དགོས། དེ་དྲན་པའི་ཐོག་ནས་སློབ་སྦྱོང་ཐོག་ངེས་པར་དུ་ཤུགས་རྒྱག་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་སྟེ་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གནང་གྲུབ་མཚམས་དགེ་རྒན་ཕ་མའི་ཚོགས་ཆུང་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་ཕྱག་རྟགས་སུ་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་ཐང་དང་མཇལ་དར་ཕུལ། མཇུག་ཏུ་དགེ་ཆེ་བསྟན་འཛིན་བཞིན་བཟང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་ལེགས་པར་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་དང་ཟུར་བདེ་དོན་ཚོགས་པའི་ལས་ཁུངས་སུ་ཕེབས་ཡོད་པ་བཅས། །