ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༥ རེས་གཟའ་པ་སངས། ༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༣ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་དབུ་བཞུགས་ཀྱིས་གཞིས་མི་གྲངས་ ༡༢༢ ལ་ཉེ་ཆར་མངའ་སྡེ་གཞུང་ནས་གནང་བའི་ཁྲིམས་མཐུན་གྱི་ས་ཐོ་ལག་འཛིན་ (Record of Tenancy Certificate) གྱི་ཕྱག་འཁྱེར་གཞིས་མི་གྲངས་ ༡༢༢ ལ་བགོ་འགྲེམས་གནང་སོང་།དེ་ཡང་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་ས་ཐོ་ལག་འཛིན་གྱི་ཕྱག་འཁྱེར་ཐོབ་སྟངས་དང་དེའི་གལ་གནད་སྐོར་གསུང་དོན། ད་བར་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཆའི་རྒྱ་ཁྱོན་ཨེ་ཀར་ ༣༠༠༠ དེ་བཞིན་ཁྲིམས་མཐུན་གྱི་བདག་དབང་མངའ་སྡེ་གཞུང་གི་ཤིང་ནགས་ལས་ཁུངས་ལ་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་གཏན་འབེབས་བྱུང་བ་ནས་བཟུང་དེའི་ནང་དོན་གཞིར་བཞག་ནང་སྲིད་ལས་ཁུངས་ཀྱི་ལམ་སྟོན་འོག་ལྷོ་སྤྱི་ལས་ཁུངས་དང་ས་གནས་འགོ་འཛིན་རིམ་པས་སྐུ་ལས་བསྐྱོན་པར་བརྟེན་ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ཏུ་ཀོ་ལེ་གྷལ་ས་གནས་ཀྱི་ས་ཆའི་རྒྱ་ཁྱོན་ཨེ་ཀར་ ༣༠༠༠ ཡོད་པ་དེའི་བདག་དབང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ངལ་སེལ་ཚོགས་པར་ལོ་ཉི་ཤུའི་རིང་བོག་མ་བཏང་བའི་ཁྲིམས་མཐུན་གན་རྒྱ་བཞག་ཐུབ་པ་བྱུང་བ་མ་ཟད། ས་ཆ་དེ་དག་བོད་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་ཆེད་ (Sub Lease) གཏོང་ཆོག་པའི་ཁྲིམས་མཐུན་བཟོས་ཐུབ་པར་བརྟེན་ད་ལན་ཀོ་ལེ་གྷལ་གྲོངས་སྡེ་ ༡ ནས་ ༡༠ བར་ཁྱིམ་ཚང་གྲངས་ ༡༢༢ ལ་ས་ཐོ་ལག་འཛིན་ཐོབ་པ་བྱུང་ཡོད། ལྷག་མ་གྲོང་སྡེ་ ༡༢ ཡོད་པ་རྣམས་ལ་ཕྱི་ཟླ་ ༤ ཚེས་ ༥ ནས་ས་ཐོ་ལག་འཛིན་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་སོང་།
སྤྱིར་ས་ཐོ་ལག་འཛིན་གྱི་ཕྱག་འཁྱེར་དེ་ནི་ཁྲིམས་མཐུན་ཐོག་ནས་ས་ཆའི་བདག་དབང་དང་། དེ་བཞིན་ས་ཆ་དེ་དག་ཞིང་ལས་དང་ཚོང་ལས་གཉེར་རྒྱུའི་མཚོན་འཛུགས་སྐྲུན་ལས་གཞིའི་ཆེད་དུ་བེད་སྤྱོད་བྱེད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གནང་བཞིན་འདུག་པ་བཅས།།