༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ དང་སྐར་མ་ ༤༠ ཐོག་གསང་སྔགས་རིག་འཛིན་གྱི་འདུས་སྡེ་རང་ཅག་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཆོད་གཡོག་རྒན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་གྲགས་པ་དགེ་སློང་སྔགས་རམས་པ་དགེ་འདུན་ཚེ་རིང་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པ་ནས་བཟུང་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༦ བར་ཐུགས་དམ་བཞུགས་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ཐུགས་དམ་ལས་གྲོལ་ཏེ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༩ རེས་གཟའ་ཟླ་བའི་སྔ་དྲོར་སྐུ་གདུང་ཞུགས་འབུལ་གནང་འདུགགསང་སྔགས་རིག་འཛིན་གྱི་འདུས་སྡེ་རང་ཅག་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཆོད་གཡོག་རྒན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་གྲགས་པ་དགེ་སློང་སྔགས་རམས་པ་དགེ་འདུན་ཚེ་རིང་མཆོག་ནི། བོད་ཤར་ཕྱོགས་མདོ་ཁམས་སྨར་ཁམས་སྒང་། དམར་ལུང་མདའ་ཁམ་འབུ་ཚང་གི་ཁྱིམ་དུ་ཡབ་ངག་དབང་རྒྱལ་མཚན་དང་། ཡུམ་ལྷ་གཡང་གཉིས་ཀྱི་སྲས་སུ་ཕྱིལོ་ ༡༩༣༥ ལོར་སྐུ་འཁྲུངས་ཤིང་། དགུང་གྲངས་བདུན་ཙམ་ནས་ཉིད་ཀྱི་ཁྱིམ་ཚང་གཅིག་པ་རྒན་ཤེས་རབ་བསྟན་འཛིན་དྲུང་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་པར་མཛད།
དགུང་གྲངས་བཅུ་ལ་ཕེབས་སྐབས་མདོ་ཁམས་ཁུལ་དུ་མཚན་སྙན་ཆེ་བའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་སྐྱེ་འཁྲུལ་མེད་དུ་ཡོངས་སུ་གྲགས་པ་རྗེ་བཙུན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་རྒན་རིན་ཆེན་མགོན་པོའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་གཙུག་ཕུད་བཞེས། དགུང་གྲངས་བཅུ་གཅིག་སྐབས་འཇམ་མགོན་ཙོང་ཁ་པ་ཆེན་པོའི་ཞབས་ཀྱི་པདྨོ་ལ་གཏུགས་ཤིང་གསུང་གི་བདུད་རྩི་རྣ་བའི་བུམ་བཟང་དུ་འཐུང་པ་དབུ་རྣམ་བཟང་པས་ཕྱག་འདེབས་པའི་མ་དགོན་དཔལ་ལྡན་ཀླུ་རྭ་དགོན་པའི་སྒྲིག་ཁོངས་སུ་བཞུགས་ཤིང༌། དགེ་བའི་བཤེས་གཉེན་བྱ་པ་རིན་པོ་ཆེའི་དབུས་མཁན་བླ་གྲངས་ཚང་བའི་དབུས་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་། དགོན་དེའི་ཆོས་སྤྱོད་ཉམས་བཞེས་བཅས་ལ་ཐུགས་བརྩོན་མཛད།དགུང་གྲངས་བཅུ་དགུ་པར་དབུས་འགྱུར་ཆོས་ཀྱི་ཞིང་ས་འབྲས་བློ་གླིང་གྲྭ་ཚང་དུ་འཛུལ་ཞུགས་ཀྱིས་སློབ་གཉེར་མཛད། དེ་ནས་གྲྭ་ཚང་འདིར་འཛུལ་ཞུགས་གནང་སྟེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཉིད་ཀྱི་སྐུ་མཆེད་རྒན་པ་རྒན་ངག་དབང་ཆོས་ལྡན་ལགས་དང༌། རྒན་དོན་གྲུབ་རྡོ་རྗེ་སོགས་ཀྱི་ཞབས་པད་གཙུག་གི་རྒྱན་དུ་བཀོད་ནས་གྲྭ་ཚང་འདིའི་ཆོ་ག་ཕྱག་ལེན། ཐིག་རྡུལ་ཚོན། མཆོད་བཟོ་དཀར་རྒྱན་བཅས་ལ་སྦྱངས་པ་མཐིལ་ཕྱིན་མཛད། དགུང་གྲངས་ཉེར་གཅིག་པར་སྐུའི་ཡོངས་འཛིན་སྐྱབས་རྗེ་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོའི་ཞལ་སྔའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས་ཏེ་ངུར་སྨྲིག་གི་རྒྱལ་མཚན་སྲིད་པའི་རྩེ་མོར་སྒྲེང་བར་མཛད།
དེ་དག་གི་སྔ་ཕྱི་བར་གསུམ་དུ་སྐུའི་ཡོངས་འཛིན་བགྲེས་གཞོན་རྣམ་གཉིས་ཀྱིས་གཙོས་གྲྭ་ཚང་གི་མཁན་ལས་ཟུར་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་དམ་ཆོས་འགྲེལ་པ་བཞི་སྦྲགས་སོགས་རྒྱུད་པའི་འཆད་ཉན་ཡོངས་རྫོགས་གསན་བསམ་ཆུ་བོའི་རྒྱུན་བཞིན་བསྟེན་པ་དང་། ལྷག་པར་གསང་ཆེན་རྒྱུད་སྡེ་རྣམ་བཞིའི་དཀྱིལ་འཁོར་བྲི་བསླང་ཐིག་གི་ཆ་ཚད། རྣམ་གྲངས་མང་བའི་མཆོད་རྟེན་སོ་སོའི་ཆ་ཚད་སོགས་གྲྭ་ཚང་གི་མཁན་ཆེན་མི་ཉག་སྐྱོར་དཔོན་མཚུངས་མེད་བློ་བཟང་ཡོན་ཏན་དང་། དེ་རྗེས་མཁན་ཆེན་མཚུངས་མེད་མི་ཉག་བློ་བཟང་ཚེ་བརྟན། ཨ་མདོ་མཁན་ཟུར་མཚུངས་མེད་བློ་བཟང་ཆོས་འབྱོར་དཔལ་བཟང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་གསན་བསམ་མཁས་པའི་ཕ་རོལ་ཏུ་སོན་པར་མཛད།དེ་ནས་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་དབང་གིས་གནས་ཇོ་རའི་བརྒྱུད་རྟ་དབང་ནས་རིམ་པས་ཌལ་ཧོར་དུ་བྲོས་བྱོལ་ཕེབས་འབྱོར་གྱིས་རྒྱུད་ཆེན་གོང་མའི་བཞེད་སྲོལ་ཕྱག་བཞེས་རྒྱུན་བཟང་མི་ཉམས་རྒྱུན་འཛིན་མཛད་པའི་དགེ་འདུན་མཁྱེན་རྒྱ་ཡངས་པ་རྣམས་དང་ལྷན་བཞུགས་གནང་སྟེ་གསེར་སྦྱངས་བཙོ་མ་ལྟ་བུའི་གྲྭ་ཚང་གི་ཕྱག་བཞེས་སྤྱི་དང་། ལྷག་པར་ཡི་དམ་གསང་བདེ་འཇིགས་གསུམ་གྱི་དཀྱིལ་འཁོར་བྲི་བ་དང་བསླང་བ། དེ་བསྒྲུབ་ཅིང་མཆོད་པ་འབུལ་བཤམས། ལྕགས་མཁར་རབ་གནས། བསྐང་གསོ་ཆེན་མོ། བཅོ་ལྔ་མཆོད་པ། ཆོས་འཆད་ཉན་གྱི་གནང་སྒོ་ཁག་བཅས་གྲྭ་ཚང་གི་སྔར་སྲོལ་ཕྱག་བཞེས་རྣམས་ཉམས་པར་སོར་ཆུད་དང་། མི་ཉམས་གོང་སྤེལ་མཛད་དེ་ཞྭ་སེར་ཅོད་པཎ་འཆང་བའི་རིང་ལུགས་སྒོ་ཐམས་ཅད་ནས་རྒྱས་པར་མཛད།
དེ་ནས་ཕྱི་ལོ་ ༡༩༧༤ ལོར་འབུམ་ལར་གཞིས་སྒར་བསྟན་འཛིན་སྒང་དུ་གཞིས་ཆགས་ཁོངས་སུ་ཕེབས་ནས་སྔར་ལྟར་མཆོད་གཡོག་གི་མཛད་འགན་སྤྱི་དང་། ཁྱད་པར་དུའང་འོག་ཏུ་འབྱུང་བ་བཞིན་གྲྭ་ཚང་འདི་ལ་ཉིན་མཚན་ལྟོས་མེད་ཀྱིས་ཐུགས་བསམ་རྒྱ་ཆེར་བཞེས་ཏེ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་ནས་བཟུང་ད་བར་གྲྭ་ཚང་འདིའི་ཆོས་སྤྱོད་ཉམས་བཞེས་ཀྱི་རྒྱུན་གཞན་གྱིས་དོ་ཟླ་མེད་པ་གསེར་གྱི་ཡང་ཞུན་ལྟ་བུ་འདི་ཉིད་ཇི་སྲིད་རྒྱལ་བསྟན་ནམ་གནས་ཀྱི་བར་ཉམས་པར་མེད་པ་ཡུན་གནས་ཡོང་ཆེད་བཀའ་འབྲེལ་གྲྭ་ཚང་གི་རིགས་གཅིག་རྐང་འཛིན་གསར་འཛུགས་ཀྱི་དགེ་རྒན་གནང་ནས་སྔར་སྲོལ་ཉམས་བཞེས་ཀྱི་གནད་གང་གི་ཐུགས་ལ་མངའ་བ་ཚང་མ་གཞན་གྱི་རྒྱུད་དུ་སྨིན་ངེས་མཛད།
ལྷག་པར་དུའང་གདན་ས་ནས་ཆེད་ཕེབས་གནང་བའི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། ཞབས་བཅར་བ་བགྲེས་གཞོན་བར་གསུམ་ལ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་བྲི་བསླང་། དེ་བཞིན་རྣམ་གྲངས་མང་བའི་མཆོད་རྟེན་གྱི་ཐིག །གཞན་ཡང་སྐབས་སོ་སོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་བཅས་གྲྭ་ཚང་འདིའི་ཉམས་བཞེས་ཀྱི་གནད་ཆ་ལག་ཚང་བ་གནད་སྨིན་འབུལ་གནང་མཛད་དེ་ཞྭ་སེར་བསྟན་པའི་གདུགས་དཀར་ཕྱོགས་ཀྱི་འཁོར་ལོར་འགེངས་པར་མཛད།
དེ་དག་གི་སྐབས་སུ་བལྟ་བའི་མིག་ལྟ་བུའི་གྲྭ་ཚང་གི་ཆོས་འབྱུང་ཨུཏྤལའི་དོ་ཤལ་གསར་རྩོམ་ཕྱག་རོགས་དང་། ལོ་འཁོར་ཆོས་སྤྱོད་ཉི་མའི་ཕྲེང་བའི་དེབ་གསར་ཕྱོགས་བསྒྲིགས་མཛད་ཅིང་། མཆོད་དཔེ་སོགས་ལའང་ཐུགས་འཁུར་དང་ཞུས་དག་མཛད་དེ་གསང་ཆེན་རྒྱུད་སྟོད་གྲྭ་ཚང་ལ་ཕྱག་རྗེས་རྨད་དུ་བྱུང་བ་འཇོག་གནང་མཛད་འདུག་པ་བཅས།།