༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ལས་ཡུན་གཙང་ནས་ཚབ་གསར་དུ་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་བསྐོ་གཞག་གནང་བ་ལྟར་འདི་ཚེས་ ༢༢ སྔ་དྲོ་དོན་གཅོད་གསར་རྙིང་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་དངོས་གཞི་བསྐྱངས་ཡོད་པ་རེད། དེ་ཉིན་སྐུ་མགྲོན་གཙོ་བོ་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དྲ་ལམ་བརྒྱུད་དོན་གཅོད་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གྱི་སྤྲོད་དཔང་གནང་ཡོད་པ་དང་། དངོས་གཞིའི་མཛད་སྒོ་གྲུབ་རྗེས་སྐུ་མགྲོན་དང་། དོན་ཁང་གི་ལས་བྱེད། ཐའེ་སྡོད་བོད་རིགས་ཚོགས་པའི་སྐུ་ཚབ་སོགས་ནས་དོན་གཅོད་གསར་པར་མཇལ་དར་ཕུལ།
སྐལ་བཟང་རྒྱལ་མཚན་ལགས་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་ཐའེ་ཝན་དུ་འབྱོར་བ་དང་། ཡུལ་ཁྲིམས་ལྟར་བདུན་ཕྲག་གཉིས་རིང་མགྲོན་ཁང་དུ་ཟུར་བཀག་རྗེས། ཕྱི་ཟླ་ ༤ ཚེས་ ༦ ནས་རང་མོས་འཕྲོད་བསྟེན་ལྟ་སྐྱོང་འོག་ལས་ཁུངས་སུ་རྟག་བཅར་གྱིས་ལས་དོན་ངོ་སྤྲོད་དང་། ཚེས་ ༡༣ ནས་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་ཀྱི་ལས་རིམ་ཡིན་པ་རེད།
དེ་ཡང་ཚེས་ ༡༣ ཉིན་གུང་ལ་དོན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་ཧོང་རུའེ་རའོ་ལགས་ཀྱིས་དོན་གཅོད་གསར་པར་ཕེབས་བསུ་དང་རྙིང་པ་ཕེབས་སྐྱེལ་གྱི་གསོལ་སྟོན་གོ་སྒྲིག་གནང་ཡོད་པ་དང་། དགོང་དྲོ་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དགེ་ཆེ་དང་། གསར་འགོད་པ། རྒྱ་ནག་མང་གཙོ་དོན་གཉེར་བ་ཁག་གཅིག་གདན་ཞུས་ཀྱིས་དོན་གཅོད་གསར་པ་ངོ་སྤྲོད་དང་མུ་མཐུད་རྒྱབ་སྐྱོར་ཡོང་བའི་ལྷན་འཛོམས་གནང་།
ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཤིན་ཀྲུའུ་ཞོན་ཙང་གཙུག་ལག་སློབ་ཆེན་གྱི་སློབ་སྤྱི་སྐུ་ཞབས་ཇན་ཧྲའོ་ཇི་ལགས་མཇལ་འཕྲད་དང་། མཐོ་སློབ་ནང་བོད་པའི་དགེ་འདུན་པ་སློབ་འཇུག་བྱ་ཕྱོགས་སྐོར་བཞུགས་མོལ་ཚོགས་འདུ་འཚོགས། ཆུ་ཚོད་ ༡༡།༣༠ ཐོག་ཞོན་ཙང་གཙུག་ལག་སློབ་ཆེན་ཆོས་ལུགས་ཚན་པའི་འགན་འཛིན་དགེ་སློང་མ་ཧྲི་ཀྲའོ་ཧུད་ལགས་དང་མཇལ་འཕྲད་ཀྱིས་བོད་པའི་དགེ་འདུན་པ་སློབ་འཇུག་དང་། བོད་ཀྱི་རིག་གཞུང་ཁྱབ་སྤེལ་དང་འབྲེལ་བའི་སྐོར་བཞུགས་མོལ་གོ་བསྡུར་ཞུས། ཆུ་ཚོད་ ༡༣།༣༠ ཐོག་དོན་ཁང་གི་སློབ་སྟོན་པ་ལྕམ་ཁྲན་མིང་རུའུ་ལགས་མཉམ་དོན་ཁང་གི་ལས་དོན་རྒྱ་སྐྱེད་སོགས་ཀྱི་སྐོར་མཇལ་མོལ་གནང་བ་དང་། དགོང་དྲོ་ཐའེ་ཝན་གཞུང་གི་མཐོ་རིམ་དཔོན་རིགས་ནས་དོན་གཅོད་གསར་རྙིང་ལ་སྐྱེལ་བསུ་ལེན་གྱིས་གསོལ་སྟོན་རྒྱས་པ་ཞིག་གོ་སྒྲིག་གནང་།
ཚེས་ ༡༥ ཉིན་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་གཞོན་པ་སྐུ་ཞབས་ལིན་ཕེ་བན་ལགས་དོན་གཅོད་ལས་ཁུངས་སུ་བཅར་ཏེ། དོན་གཅོད་གསར་པར་འཚམས་འདྲི་དང་རྙིང་པར་ཕེབས་བསྐྱེལ་དང་འབྲེལ་མ་འོངས་མཉམ་དུ་ལས་དོན་བྱེད་ཕྱོགས་སྐོར་བཀའ་མོལ་ཡུན་རིང་གནང་།
ཚེས་ ༡༦ སྔ་དྲོ་ཐའེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཝུའུ་ཀྲའོ་ཤེའི་ལགས་མཇལ་འཕྲད་དང་འབྲེལ་དོན་གཅོད་གསར་པ་ངོ་སྤྲོད་དང་། ཉིན་གུང་ཐའེ་ཝན་རྒྱལ་སྤྱི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནས་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱི་ལས་རྒྱུན་རིང་གཟེངས་སུ་ཐོན་པའི་ལས་དོན་ལ་གཟེངས་བསྟོད་དང་། དོན་གཅོད་གསར་པར་ཕེབས་བསུའི་གསོལ་སྟོན། ཕྱི་དྲོ་ཐའེ་ཝན་ཧ་ཀ་མི་རིགས་ལས་དོན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཡཱང་ཁྲན་ཀྲན་ལགས་མཇལ་འཕྲད་དང་འབྲེལ་དོན་གཅོད་གསར་པ་ངོ་སྤྲོད། དགོང་དྲོ་རྒྱུན་དུ་དོན་ཁང་ལ་རྒྱབ་སྐྱོར་གནང་མཁན་མི་སྣ་ཁག་གཅིག་གདན་ཞུས་ཀྱིས་དོན་གཅོད་གསར་པ་ངོ་སྤྲོད་དང་མུ་མཐུད་རྒྱབ་སྐྱོར་ཡོང་བའི་ལྷན་འཛོམས་གནང་།
ཚེས་ ༡༧ དགོང་དྲོ་ཐའེ་སྡོད་བོད་རིགས་ཚོགས་པ་དང་། ས་གནས་གཞོན་ནུས་གཙོ་འགན་ཐོག་དོན་གཅོད་གསར་བསུ་རྙིང་སྐྱེལ་གྱི་གསོལ་སྟོན་གོ་སྒྲིག་གནང་། ཚེས་ ༡༩ སྔ་དྲོ་ཐའེ་པེ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྲས་མོ་ལིན་དབྱི་མོང་ལགས་མཇལ་འཕྲད་དང་དོན་གཅོད་གསར་པ་ངོ་སྤྲོད་དང་འབྲེལ་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་བསྐུལ་དང་། ཉིན་གུང་ཕྱི་རྒྱལ་གཞུང་ཚབ་ནས་དོན་གཅོད་གསར་བསུ་རྙིང་སྐྱེལ་གྱི་གསོལ་སྟོན་གོ་སྒྲིག་གནང་།
ཚེས་ ༢༠ ཉིན་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཐའེ་པེ་གྲོང་ཁྱེར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ཐུན་མོང་ནས་དོན་གཅོད་གསར་བསུ་རྙིང་སྐྱེལ་གྱི་གཞུང་འབྲེལ་གསོལ་སྟོན་གོ་སྒྲིག་གནང་། དགོང་དྲོ་ཐའེ་ཝན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་སུན་ཀྲེ་བྷན་ལགས་དོན་གཅོད་གསར་པ་ལ་ཕེབས་བསུ་ཞུ་བར་ཕེབས།
ཚེས་ ༢༡ སྔ་དྲོ་ཐའེ་ཝན་རིག་གཞུང་ལྷན་ཁང་བོད་སོག་རིག་གཞུང་བསྟི་གནས་ཀྱི་འགན་འཛིན་མཇལ་འཕྲད་ཀྱིས་དོན་གཅོད་གསར་པ་ངོ་སྤྲོད་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་ཁྱབ་སྤེལ་སོགས་ཀྱི་སྐོར་བཀའ་བསྡུར། ཉིན་གུང་དོན་ཁང་གི་སློབ་སྟོན་པ་དགེ་སློང་ཁྲོན་ནེང་ལགས་ཀྱིས་དོན་གཅོད་གསར་བསུ་རྙིང་སྐྱེལ་གྱི་གསོལ་སྟོན། དགོང་དྲོ་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་ཐའེ་ཝན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཁག་གདན་ཞུས་ཀྱིས་དོན་གཅོད་གསར་པ་ངོ་སྤྲོད་དང་མུ་མཐུད་རྒྱབ་སྐྱོར་ཡོང་བའི་ལྷན་འཛོམས་གནང་།
ཚེས་ ༢༢ སྔ་དྲོ་དོན་ཁང་གི་སློབ་མ་རྣམས་ལ་དོན་གཅོད་གསར་པ་ངོ་སྤྲོད་དང་། དེ་རྗེས་དངོས་གཞིའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ། ཉིན་གུང་དོན་ཁང་གི་སློབ་སྟོན་པ་སྐུ་ཞབས་ཀྲུང་ཀྲེ་ལགས་ཀྱིས་དོན་གཅོད་གསར་བསུ་རྙིང་སྐྱེལ་གྱི་གསོལ་སྟོན། དགོང་དྲོ་དོན་ཁང་གི་ལས་དོན་ཐོག་ཤུགས་ཆེའི་རྒྱབ་སྐྱོར་གནང་མཁན་ཨ་མ་ཝོང་ལགས་ཀྱི་ཀྱིས་དོན་གཅོད་གསར་བསུ་རྙིང་སྐྱེལ་གྱི་གསོལ་སྟོན་བཅས་ཡིན་པ་རེད།
གཞན་ཡང་གྲོང་ཁྱེར་སྤྱི་ཁྱབ་དང་། གྲོས་ཚོགས་འཐུས་མི། གྲོས་ཚོགས་འཐུས་མི་ཟུར་པ། མཐོ་སློབ་ཀྱི་སློབ་སྤྱི། གཞུང་འབྲེལ་མིན་པའི་ཚོགས་པ་སོགས་མཇལ་འཕྲད་ཀྱི་ལས་རིམ་ཁག་གཅིག་མུ་མཐུད་གོ་སྒྲིག་གནང་རྒྱུ་དང་བཅས། །