༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྲིད་སྐྱོང་གི་ལས་ཡུན་ལོ་བཅུ་འཁྱུར་ལ་ཉེ་བ་དང་བསྟུན། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༧ ཉིན་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་རྒྱ་བརྒྱུད་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་དང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁག་གཅིག དེ་བཞིན་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་དང་བདེ་སྲུང་བློན་ཆེན་གཞོན་པ་ན་ཀ་ཡ་མ་ (Yasuhide Nakayama) མཆོག་བཅས་ཉི་ཧོང་གི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་དུ་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགའ་བསུའི་འཚམས་འདྲི་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དྲ་རྒྱ་བརྒྱུད་གསུང་དོན། ཉི་ཧོང་གཞུང་མང་གཉིས་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གཡོ་བ་མེད་པར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་སྔ་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་གི་དབུ་ཁྲིད་འོག་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཉི་ཧོང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) མཆོག་དང་། ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་ས་ཀུ་རི་ཡོ་ཤི་ཀོ་ (Sakurai Yoshiko) ལགས་རྣམ་གཉིས་བཞུགས་སྒར་རྡ་སར་ཕེབས་སྐབས་ཁོང་རྣམ་པ་གཉིས་དང་མཇལ་འཕྲད་བྱུང་། དེ་ནས་བཟུང་རྒྱུན་དུ་ཉི་ཧོང་ལ་བཅར་རྒྱུའི་གོ་སྐབས་བྱུང་། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་གྲངས་འཕར་ནས་ ༩༨ ལ་སླེབས་ཡོད་པར་ཧ་ཅང་དགའ་པོ་བྱུང་། ཞེས་དང་།དེ་རིང་གི་ཚོགས་འདུ་འདིས་འཛམ་གླིང་ལ་ཉི་ཧོང་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་བརྡ་ལན་ཤུགས་ཆེ་ཞིག་བཏང་ཡོད་པ་མ་ཟད། རྒྱ་ནག་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་ས་ཡ་དྲུག་ལའང་ཉི་ཧོང་གིས་དྲང་བདེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་བརྡ་ལན་ཤུགས་ཆེ་ཞིག་བཏང་ཡོད། བོད་དོན་ལ་རྒྱབ་སྐྱོར་གནང་ན་རྒྱ་ནག་ལ་རྒྱབ་འགལ་བྱེད་པ་མཚོན་གྱི་མེད། ཅེས་གསུངས།ཉི་ཧོང་གི་ཤེས་རིག་བློན་ཆེན་ཟུར་པ་དང་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ (Shimomura Hakubun) མཆོག་གིས། དྲ་རྒྱ་བརྒྱུད་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་དང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཡང་དག་པ་གནང་བར་ཐུགས་རྗེ་ཞུས་གནང་ཡོད། གཞན་ཡང་ཁོང་གིས་བཞུགས་སྒར་རྡ་སར་བཀའ་ཤག་ཏུ་དཔལ་ལྡན་སྲིད་སྐྱོང་མཆོག་དང་མཇལ་འཕྲད་དང་བོད་དོན་སྐོར་གླེང་སློང་གནང་བའི་སྐོར་གསུངས།
ཕྱོགས་མཚུངས་ཁོང་གིས་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས།
ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་གིས་ལྷན་ཚོགས་ཐོག་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་འབྲེལ་ཁོང་གིས་དེ་སྔ་རྒྱ་ནག་གི་སྲིད་འཛིན་དང་ལྷན་ཐུག་འཕྲད་སྐབས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་སྐོར་གསུངས་ཡོད་པ་ལུང་འདྲེན་གནང་བ་མ་ཟད། བོད་ནང་གི་གནས་སྟངས་ད་དུང་ཡར་རྒྱས་ཕྱིན་མེད་སྟབས། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མཉམ་འབྲེལ་ཐོག་བོད་ནང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན། ཞེས་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གི་འབྱུང་འགྱུར་གྱི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་ས་ཀུ་རི་ཡོ་ཤི་ལགས་ཀྱིས། བོད་ཀྱི་གནད་དོན་ནི་ཉི་ཧོང་དང་འབྲེལ་བ་མེད་པ་མ་རེད། ང་ཚོས་ཁྱིམ་མཚེས་རྒྱ་ནག་དང་ལྷན་འབྲེལ་བ་ཡག་པོ་ཉར་དགོས། འོན་ཀྱང་ང་ཚོས་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་དབང་སྒྱུར་བཅས་ཀྱི་རིན་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མི་ཉན། ཞེས་དང་། མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་འདས་པའི་ལས་ཡུན་ལོ་བཅུའི་རིང་བོད་དོན་ཆེད་དུ་ཧུར་ཐག་གནང་ཡོད། ད་དུང་ཡིན་ནའང་མུ་མཐུད་བོད་དོན་སླད་ཞུ་གཏུག་གི་ལས་འགུལ་སྤེལ་བའི་རེ་བ་ཡོད། ཅེས་གསུངས།ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi) ལགས་ཀྱིས། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་། འབར་མ་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཐད་མཐའ་གཅིག་ཏུ་ངོ་རྒོལ་གྱི་གྲོས་འཆར་ཞིག་འཇོག་ཆེད་ཕྱག་ལས་གནང་བཞིན་པར་རྗེས་སུ་ཡི་རང་དང་། ཕྱི་ལོ་ ༢༠༡༩ ལོར་དཔལ་ལྡན་སྲིད་སྐྱོང་མཆོག་ཉི་ཧོང་ནང་ཕེབས་པའི་སྐབས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོས་ཆོད་ཅིག་བཞག་སྟེ་རྒྱ་ནག་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་གནད་དོན་གསལ་ཐབས་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། ཅེས་གསུངས།།