ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༨ རེས་གཟའ་ཕུར་བུ། ༄༅། །རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ (International Buddhist Confederation) ཐེངས་བཞི་པ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༧ ཉིན་རྒྱ་གར་གྱི་རྒྱལ་ས་དི་ལླཱི་ལ་ཚོགས་ཏེ་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་སྐོར་གྱི་གྲོས་འཆར་ཁག་གཅིག་ལ་གྲོས་བསྡུར་གནང་ཡོད་པ་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དྲ་ལམ་བརྒྱུད་མཉམ་ཞུགས་གནང་ཡོད།
སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་འདིར་རྒྱལ་སྤྱིའི་ནང་པ་མཐུན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ནས་ཕྱག་ལས་ཡག་པོ་གནང་བར་རྗེས་སུ་ཡི་རང་དང་། ཏོག་དབྱིབས་གཉན་རིམས་ཀྱིས་འགྲོ་བ་མི་ཚང་མར་ནང་པའི་གཞུང་ནས་གསུངས་པའི་མི་རྟག་པ་དང་། སྡུག་བསྔལ། བྱམས་བརྩེ། སྙིང་རྗེ་བཅས་དྲན་གསོ་བྱས་ཡོད། ཅེས་དང་།
གཞན་ཡང་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཏོག་དབྱིབས་གཉན་རིམས་འབྱུང་རྐྱེན་མང་པོ་ཡོད་པའི་ཁྲོད་ནས་གཞན་ཁག་གཅིག་ནི། འགྲོ་བ་མི་ཡིས་སེམས་ཅན་གྱི་ཚེ་སྲོག་དང་རང་བྱུང་ཁོར་ཡུག་ལ་བཤུ་གཞོག་བཏང་ཡོད་པའི་སྐོར་དང་། སེམས་ཅན་གྱི་ཚེ་སྲོག་དང་རང་བྱུང་ཁོར་ཡུག་ལ་བཤུ་གཞོག་གཏོང་བཞིན་པ་མཚམས་འཇོག་བྱེད་ཆེད་ང་ཚོའི་ངོས་ནས་ངེས་པར་དུ་དེའི་སྐོར་གླེང་སློང་གནང་དགོས། ཞེས་དང་།
ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་ཡོད་པའི་སྐབས་འདིར་ནད་ཡམས་དེ་ཉིད་གང་མགྱོགས་ཞི་བའི་སླད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་དྲ་ཐོག་ནས་གསུང་ཆོས་དང་སྨོན་ལམ་གསུང་འདོན་གནང་བ་དང་། དེ་བཞིན་ཐུགས་གསོ་དང་སྦྱིན་གཏོང་སོགས་ཀྱི་ལས་གཞི་རྒྱ་ཆེ་ཞིག་བརྩམས་དང་རྩོམ་བཞིན་པ་སོགས་ཀྱི་སྐོར་གསུངས་ཡོད་པ་བཅས།།