༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༣ ཉིན་ཐའེ་ཝན་སྐུ་ཚབ་དོན་གཅོད་གསར་རྙིང་དང་། དོན་ཁང་གི་དྲུང་ཆེ་བཅས་ཀའོ་ཞུང་གྲོང་ཁྱེར་དུ་བསྐྱོད་དེ། སྲིད་གཞུང་གི་སྐུ་མགྲོན་མཇལ་འཕྲད་ཁང་དུ་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ཁྲན་ཇིའི་མེའི་ལགས་མཇལ་འཕྲད་གནང་སྐབས། གཙོ་བོ་དོན་གཅོད་གསར་པ་ངོ་སྤྲོད་དང་སྔོན་མའི་ཐའེ་བོད་འབྲེལ་ལམ་ཁག་བསྐྱར་གསོ་དང་རྒྱུན་མཐུད་ཡོང་ཐབས། དེང་སང་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་ཐའེ་བོད་གཉིས་དབར་ཆོས་དང་རིག་གཞུང་། འཕྲོད་བསྟེན། སྐད་ཡིག་སློབ་སྦྱོང་སོགས་སྐོར་བཀའ་མོལ་ལྷུག་པོ་བྱུང་བར། གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་ལས་དོན་གལ་ཆེ་བའི་རིགས་ཐད་ཀར་འབྲེལ་ཡོད་དང་བཀའ་མོལ་ཞུ་རྒྱུའི་ཞལ་བཞེས་གནང་བ་མ་ཟད། ཀའོ་ཞུང་གྲོང་ཁྱེར་ནང་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་བ་ཡིན་ན་གྲོང་ཁྱེར་སྲིད་གཞུང་ནས་མཐུན་འགྱུར་གང་ཡོང་ཞུ་རྒྱུའི་ཁས་ལེན་དང་། འབྲེལ་ཡོད་གཤམ་འོག་དཔོན་རིགས་སྐད་བཏང་ནས་དོན་ཁང་དང་ཐད་ཀར་འབྲེལ་བ་བཙུགས་པ་སོགས་ཕན་ཚུན་སྐར་མ་བཞི་ཅུ་ལྷག་བཀའ་བསྡུར་ལྷུག་པོ་བྱུང་ཡོད། གཞན་ཡང་དེ་ཉིན་ཀའོ་ཞུང་རྒྱལ་གཉེར་ཀྲུང་ཧྲན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་སྤྱི་མཇལ་འཕྲད་ཀྱིས་དོན་གཅོད་གསར་པ་ངོ་སྤྲོད་དང་། བོད་པའི་དགེ་འདུན་པ་མུ་མཐུད་རྒྱ་ཡིག་སློབ་སྦྱོང་གི་སློབ་ཡོན་མཐུན་འགྱུར་ཡོང་བ་སོགས་ཀྱི་སྐོར་བཀའ་བསྡུར་གནང་།དེ་བཞིན་ཀའོ་ཞུང་གྲོང་ཁྱེར་གྱི་མི་སྣ་མཇལ་འཕྲད་ཁོངས་དོན་ཁང་གི་སློབ་སྟོན་པ་ཕུ་དབྱིང་ཚན་རྩལ་སློབ་ཆེན་གྱི་དགེ་ཆེ་སྐུ་ཞབས་སུའུ་ཅཱ་ཧུང་ལགས་དང་། ཀྲུང་ཧྲན་གཙུག་ལག་སློབ་ཆེན་གྱི་དགེ་ཆེ་ལྕམ་ལིན་ཧུད་ལིང་ལགས་སོགས་ཁག་སོ་སོར་མཇལ་འཕྲད་གནང་།དེ་ཉིན་དགོང་དྲོ་གཙོ་བོ་ཀའོ་ཞུང་སྨན་པའི་མཐུན་ཚོགས་ནས་གོ་སྒྲིག་གནང་ཐོག་དོན་གཅོད་རྙིང་པར་ཕེབས་སྐྱེལ་དང་། དོན་གཅོད་གསར་པར་དགའ་བསུའི་གསོལ་སྟོན་གྲ་རྒྱས་ཤིག་གོ་སྒྲིག་གནང་བའི་ཐོག ཀའོ་ཞུང་གྲོང་ཁྱེར་སྲིད་གཞུང་གི་ལས་ཁུངས་ཁག་གསུམ་གྱི་འགོ་འཛིན་དང་། ཚོང་ལས་སྡེ་ཚན། སྨན་པ་སོགས་མཉམ་ཞུགས་གནང་ཡོད།
ཕྱི་ཚེས་ ༢༤ སྔ་དྲོ་ཐའེ་སྡོད་བོད་རིགས་ཚོགས་པ་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནས་གོ་སྒྲིག་གནང་བའི་ཐོག་གདན་ཞུ་གནང་དོན་བཞིན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཆེད་ཕེབས་གནང་སྟེ་བོད་མི་ཚོ་དང་ཕན་ཚུན་ཐུགས་འཕྲད་དང་འབྱུང་འགྱུར་ལས་དོན་སྤེལ་ཕྱོགས་སྐོར་བཀའ་བསྡུར་ལྷུག་པོ་གནང་། དེ་ཉིན་དགོང་དྲོ་ཐའེ་ཝན་ཞི་བདེ་ཡུན་གནས་རོགས་ཟླ་ཚོགས་པས་དོན་གཅོད་རྙིང་པར་ཕེབས་སྐྱེལ་དང་། དོན་གཅོད་གསར་པར་དགའ་བསུའི་གསོལ་སྟོན་བཤམས།ཕྱི་ཚེས་ ༢༥ དགོང་དྲོ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༢ ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་ཉིན་མོར། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་གོ་སྒྲིག་གནང་བའི་༼ལོ་ ༢༦ བོར་བརླག་སོང་བའི་པཎ་ཆེན་བླ་མ། ༽ ཞེས་པའི་བརྗོད་གཞིའི་ཐོག་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སྐར་མ་ ༤༥ རིང་པཎ་ཆེན་སྐུ་གོང་མའི་མཛད་འཕྲིན་དང་དཀའ་སྡུག་ཇི་མྱངས། རྒྱ་ནག་གཞུང་གིས་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྐོར་ཆབ་སྲིད་ཇི་འཁྲབ་སྐོར་ངོ་སྤྲོད་དང་། དེ་རྗེས་ཚོགས་ཞུགས་རྣམ་པའི་དྲི་བར་ལན་འདེབས་བཅས་ཆུ་ཚོད་གཉིས་ཙམ་གནང་ཡོད་པ་ཐད་གཏོང་ཐོག་བལྟ་མཁན་མང་པོ་བྱུང་ཡོད་པ་བཅས། །