༄༅། །འདི་གར་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཀྲོ་ལི་ཡ་གཞུང་མང་གཉིས་ནས་བོད་མི་ཐོག་མར་ཕྱི་ལོ་ ༡༩༧༡ ལོ་སྟོད་ཙམ་ནས་རྟེན་གཞི་བྱས་པ་ནས་བཟུང་མི་ལོ་ ༥༠ ཙམ་གྱི་རིང་བོད་མིར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་སླད། ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས། ཨོ་སི་ཀྲོ་ལི་ཡའི་ནང་བོད་མིའི་ངོས་འཛིན་ཇེ་གསལ་དུ་འགྲོ་བ།༼ཨོ་སི་ཀྲོ་ལི་ཡ་ཐུགས་རྗེ་ཆེ།༽ཞེས་པའི་པར་རིས་ཅན་གྱི་དེབ་ཅིག་འདོན་སྤེལ་གནང་ཡོད།
དཔེ་དེབ་དེའི་བརྗོད་བྱ་ནི། ཨོ་སི་ཀྲོ་ལི་ཡ་དང་ནིའུ་ཛི་ལེན་ཌི་རྒྱལ་ཁབ་གཉིས་ནང་འདས་པའི་མི་ལོ་ལྔ་བཅུ་བརྒལ་བའི་རིང་བྱུང་བའི་བོད་དོན་སྐོར་གྱི་གནས་ཚུལ་གལ་ཆེ་བ་ཡོངས་རྫོགས་ཚུད་ཐབས་བྱེད་པ་ཞིག་ཡིན་འདུག་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མཆོག་གི་ཨོ་སི་ཀྲོ་ལི་ཡའི་ནང་གི་རླབས་ཆེན་གྱི་མཛད་འཕྲིན་གྱིས་མཚོན་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་གསར་འཛུགས་བྱུང་སྟངས། དེ་བཞིན་ཕྱི་ལོ་ ༡༩༨༦ ལོར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཨོ་སི་ཀྲོ་ལི་ཡར་ཆིབས་སྒྱུར་གནང་བའི་སྐོར་སོགས་གནས་ཚུལ་མང་དག་གསལ།སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་དང་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་རྣམ་པ་གཉིས་ནས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་དངོས་སུ་མཇལ་འཕྲད་ཀྱིས་ཉེ་དུས་ཨ་རི་གཞུང་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་སྐོར་སྙན་སྒྲོན་དང་སྦྲགས་ཞིབ་གནས་ཡིག་ཆ་ཕྱག་ཏུ་འབུལ་ལམ་ཞུས་ཏེ་དེབ་དེའི་སྐོར་ངོ་སྤྲོད་དང་འགྲེམས་སྤེལ་གནང་ཡོད། དེ་ཡང་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཀྱིས་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱིས་དེབ་དེའི་སྐོར་ངོ་སྤྲོད་གནང་དོན། ཨོ་སི་ཀྲོ་ལི་ཡ་ནས་བོད་མིར་མཐུན་འགྱུར་རོགས་རམ་གནང་བའི་ལོ་རྒྱུས་ཧ་ཅང་གི་རིང་པོ་ཡིན་ཞིང་། སྔ་ས་ལོ་རབས་ལྔ་བཅུ་ང་གྲངས་ནས་འགོ་འཛུགས་བྱུང་ཡོད། དེ་བཞིན་ཨོ་སི་ཀྲོ་ལི་ཡ་ནི་བོད་མི་སྟོང་ཚོ་ཁ་ཤས་བརྒལ་བའི་གནས་ཡུལ་ཡིན་པ་ཙམ་དུ་མ་ཟད། (Australian Tibet Council) ཞེས་པས་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་མང་པོ་ཡོད་སའི་རྒྱལ་ཁབ་ཅིག་ཏུའང་གྱུར་ཡོད་སྟབས། དེབ་འདི་ནི་ང་ཚོས་ཁོང་ཚོ་ཚང་མར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུའི་ཆེད་འདོན་སྤེལ་ཞུས་པ་ཞིག་ཡིན། ཞེས་གསུངས། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༢༠༡༨ ལོར་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཨོ་སི་ཀྲོ་ལི་ཡ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ལས་འགུལ་སྤེལ་བའི་ཆ་ཤས་ཀྱི་ཁོངས་སུ་དེབ་འདི་པར་འགྲེམས་ཞུས་པ་ཞིག་ཡིན་པ་དང་། འབུམ་རམས་པ་ཨན་ན་ཨོལ་མས་ལགས་དང་། འཇིགས་མེད་པ་སངས་ལགས་རྣམ་གཉིས་ཀྱིས་སྐུ་ཚབ་དོན་ཁང་གི་བཀོད་མངགས་ལམ་སྟོན་འོག་དེབ་འདིའི་རྩོམ་སྒྲིག་འགན་ཁུར་ཞུས་ཡོད། །