ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ ཉིན་ཨིན་ཡུལ་གྱི་གྲོང་སྡེ་གྷི་རིན་ཝིཆ་ (Greenwich) ཞེས་པའི་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་ལིན་ཌ་བྲཌ་ (Linda Bird) མཆོག་དང་། སྐུ་ཞབས་ (Cllr. Danny Thorpe) མཆོག ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་བཅས་ཀྱིས་རྒྱལ་ས་ལོན་ཌོན་གྱི་ལྷོ་ཤར་ངོས་སུ་ཆགས་པའི་ཝུལ་ཝིཆ་ (Woolwich) གྲོང་སྡེའི་ཚོགས་ཁང་གི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལམ་ནས་ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ སྲུང་བརྩི་ཞུས་ཡོད།
སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་གྲོང་སྡེ་སྤྱི་ཁྱབ་པ་མཆོག་དང་སྐུ་ཞབས་ (Cllr. Danny Thorpe) མཆོག་རྣམ་གཉིས་ལ་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལམ་ནས་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ལིན་ཌ་བྲཌ་མཆོག་གིས་ས་གནས་བོད་མིར་འཚམས་འདྲི་དང་སྦྲགས་གསུང་དོན། བོད་ཀྱི་བདེན་པའི་འཐབ་རྩོད་དང་། འཛམ་གླིང་ནང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་སྐྱེ་བོ་རྣམས་ལ་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངས་གྷིརན་ཝིཆ་གྲོང་སྡེ་སྤྱི་ཁྱབ་ལས་ཁུངས་ནས་བོད་དོན་དང་བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས།
དེ་བཞིན་ལོན་ཌོན་ (Tower Hamlets) ཚོགས་མི་སྐུ་ཞབས་པི་ཌར་གྷོལ་ཌེ་ (Peter Golds) མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ སྲུང་བརྩི་ཞུས་ཀྱི་ཡོད་པར་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་ངག་ཐོག་ནས་བརྡ་ལན་གནང་ཡོད།
དེ་བཞིན་ལོན་ཌོན་ (Tower Hamlets) ཚོགས་མི་སྐུ་ཞབས་ (Rabina Khan) མཆོག་གིས་བོད་པའི་ཚོགས་སྡེ་ཁག་གི་འབོད་སྐུལ་བཞིན་ (Tower Hamlets) ཚོགས་ཁང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཐད་རྒྱབ་སྐྱོར་དང་མཉམ་ཞུགས་གནང་སྟེ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་རིགས་མུ་མཐུད་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསུང་བཤད་གནང་ཡོད། དེ་ཡང་ (Tower Hamlets) ནི་མ་འོངས་རྒྱ་ནག་གཞུང་གི་གཞུང་ཚབ་ཁང་གསར་པའི་གནས་ཡུལ་ཡིན་པས་ས་ཆ་གལ་ཆེན་ཞིག་ཆགས་ཡོད།
ད་ལན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ ཐོག་ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས་བརྙན་ཐུང་བརྒྱུད་གདུང་མཉམ་སྐྱེ་དང་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་ཡོད། དེ་ཡང་གསུང་འཕྲིན་ནང་ཁོང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ཀྱིས་རྒྱ་དམར་གྱི་དྲག་པོའི་བཙན་འཛུལ་ལ་ཞི་རྒོལ་བྱས་ཏེ་མི་ལོ་ ༦༢ འཁོར་བའི་དུས་དྲན་ལ་གདུང་སེམས་མཉམ་སྐྱེ་དང་། སྐབས་དེར་རང་དབང་ཆེད་རང་ལུས་ཤོར་བའི་རྒྱལ་གཅེས་པ་རྣམས་ལ་དྲན་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་མ་ཟད། ཁོང་གི་རེ་བར་ད་ལོ་འཛམ་གླིང་ཡོངས་ཀྱི་མིག་རྒྱ་ནག་ལ་བལྟས་ཏེ་རྒྱ་ནག་གཞུང་གིས་བོད་ཀྱིས་གཙོས་པའི་སོག་པོ་དང་། ཡུ་གུར། ཧོང་ཀོང་བཅས་ནང་དངོས་གསལ་དོད་པོས་ཁོང་ཚོར་དྲག་གནོན་དང་འགྲོ་བ་མིའི་་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་ངོ་རྒོ་བྱེད་དགོས་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་མི་མང་པོ་ཆབ་སྲིད་བཙོན་པསི་ཉེས་མིང་འོག་བཙོན་དུ་བཅུག་གི་ཡོད་སྐོར་དང་། བོད་པའི་ཆོས་དང་། སྐད་ཡིག རིག་གཞུང་བཅས་ལ་དྲག་གནོན། བོད་མིའི་སྲོལ་རྒྱུན་འཚོ་ཐབས་ལ་འགོག་རྐྱེན་སོགས་བཟོ་ཡི་སྐོར་གསུངས་ཡོད།
དེ་བཞིན་གྲོས་ཚོགས་འཐུས་མི་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་སྐུ་ཝེ་ར་ཧོབ་ཧའུ་སི་ (Wera Hobhouse) མཆོག་གིས་ཀྱང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ ཐོག་བརྙན་ཐུང་བརྒྱུད་བོད་མིར་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་གནང་བའི་ནང་ཁོང་གིས་ལོ་ངོ་ ༦༢ གོང་གི་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་བོད་མི་ཚོ་དང་ལྷན་མྱ་ངན་ཞུ་རྒྱུ་ཡིན་ཞེས་དང་། བོད་མི་རྣམས་སྡུག་བསྔལ་ཧ་ཅང་ཆེན་པོ་མྱངས་ཡོད་ཀྱང་སྡུག་བསྡལ་དེ་ལ་མ་བལྟོས་པར་བོད་མིའི་ལ་རྒྱ་དང་འཚེ་མེད་ཞི་བའི་ཐབས་ལམ་ཐོག་བློ་རྩ་བརྟན་པོ་ཡོད་སྐོར། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་མི་ཚོར་ཡི་རང་ཞུ་ཡི་ཡོད་སྐོར་སོགས་གསུངས་ཡོད།
ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལཱ་ཡི་མ་ཨན་ཌི་ཀཡི་ནི་ (Laima Andrikiene) མཆོག་གིས་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ ཐོག་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་ནང་བོད་དོན་ཆེད་རེ་སྐུལ་གྱི་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་པ་བཅས། །